'phags pa dkyil 'khor brgyad pa zhes bya ba theg pa chen po'i mdo
Āryaaṣṭamaṇḍalkanāmamahāyānasūtra
Text
ff. 122a–123a · 3 folio sides
- 122a
ཏན་མཆོག་ནི་གང་བརྗོད་དང་། །དཔལ་ཡོན་རྒྱ་ཆེན་འཛིན་པ་ཡི། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །མི་ནི་གང་ཞིག་རྗོད་བྱེད་པ། །སྡུག་བསྔལ་ཀུན་ལས་མྱུར་དུ་འགྲོལ། །འཕགས་པ་སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་ པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་མཎྜལ་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་ བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་གྲུ་འཛིན་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན་བྱང་ཆུབ་སེམས་དཔའ་བྱེ་ བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་སྙིང་པོ་ཟླ་བ་སྣང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེ་སྟན་ལས་ལངས་ནས་ཆོས་གོས་ཕྲག་པ་གཅིག་ཏུ་ གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་ སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་ སྙིང་པོ་ཟླ་བ་སྣང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིན་ཆེན་སྙིང་པོ་ཟླ་བ་སྣང་བ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་
- 122b
སེམས་དཔའ་ཆེན་པོ་རིན་ཆེན་སྙིང་པོ་ཟླ་བ་སྣང་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དཀྱིལ་འཁོར་བརྒྱད་པ་བགྱིད་པར་འཚལ་ན་དེས་ཇི་ལྟར་བགྱི། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཤིན་ཏུ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། དུས་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་མཚུངས་པ་མེད་པའི་ཡེ་ཤེས་བསྒྲུབ་པའི་ཕྱིར་རིགས་ཀྱི་བུ་ཁྱོད་སྤོབས་པ་སྐྱེས་པ་ནི་བཟང་སྟེ་ལེགས་སོ་ ལེགས་སོ། །རིགས་ཀྱི་བུ་དེའི་ཕྱིར་སྙིང་པོ་གང་བརྗོད་པ་ཙམ་གྱིས་མཚམས་མེད་པ་ལྔ་འབྱང་ཞིང་། དངོས་གྲུབ་ཐམས་ཅད་ཀྱང་ཐོབ་པར་འགྱུར་བ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྙིང་པོ་ཉོན་ཅིག །ཨོྃ་མ་ཧཱ་ཧཱུྃ་མ་ཧཱ་བཱི་ར་སྭཱ་ཧཱ། སྙིང་པོ་འདིས་ནི་དབུས་ཀྱི་བཅོམ་ ལྡན་འདས་མཆོད་དོ། །ཨོྃ་ཧྲཱི་ཧཱུྃ་པདྨ་པྲི་ཡ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའོ། །ཨོྃ་མཻ་ཧཱ་རཱ་ཎ་སྭཱ་ཧཱ། བྱམས་པའི་སྙིང་པོའོ། །ཨོྃ་ཨཱ་ཀཱ་ཤ་གརྦྷཱ་ཡ་སྭཱ་ཧཱ། ནམ་མཁའི་སྙིང་པོའི་སྙིང་པོའོ། །ཨོྃ་སྭཱ་ཧྲི་རཱ་ཛ་ཡ་སྭཱ་ཧཱ། ཀུན་དུ་བཟང་པོའི་སྙིང་པོའོ། །ཨོྃ་ཀུ་རུ་བྷ་ན་ར་ཧ་སྭཱ་ཧཱ། ལག་ན་རྡོ་རྗེའི་སྙིང་པོའོ། །ཨོྃ་ཤྲཱི་ཨཾ་རྃ་ག་སྭཱ་ཧཱ། འཇམ་དཔལ་གཞོན་ནུར་གྱུར་པའི་སྙིང་པོའོ། །ཨོྃ་ནི་སྭཱ་རྃ་བྷ་སྭཱ་ཧཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྙིང་པོའོ། །ཨོྃ་ཀྵི་ཏི་ཧ་ རཱ་ཛ་སྭཱ་ཧཱ། སའི་སྙིང་པོའི་སྙིང་པོའོ། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་སྙིང་པོ་དེ་བཞིན་གཤེགས་པ་དང་ལྡན་པ་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དཀྱིལ་འཁོར་གྱི་མདུན་དུ་ལན་ཅིག་བརྗོད་ན་དེའི་དོན་ཐམས་ཅད་འགྲུབ་པར་འགྱུར་ ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་
- 123a
ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཧྲྀ་ད་ཡ་གུ་ཧྱ་དྷཱ་ཏུ་ཀ་རཎྜ་ནཱ་མ་དྷཱ་ར་ཎཱི་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་སྙིང་པོ་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་ གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ན་དྲི་མ་མེད་པའི་ཀུན་དགའ་ར་བ་ན་རིན་པོ་ཆེ་སྣ་བདུན་གྱི་རྫིང་ན། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་བྱེ་བ་མང་པོ་རྣམས་དང་། ཡུལ་གྱི་མི་འབུམ་ཕྲག་དུ་མ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་ནས་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་འཁོར་གྱི་ནང་དེ་ན་བྲམ་ཟེ་ཆེན་པོ་ཤིང་སཱ་ལ་ཆེན་པོ་ལྟ་བུ་མཁས་པ། མཛངས་པ། གསལ་བ། ཡིད་གཞུངས་པ། མཐོང་ན་དགའ་བ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་བཟུང་བ་དྲི་མེད་ལེགས་སྣང་ཞེས་བྱ་བ་ཞིག་ཡོད་དེ། དེ་ཡང་གཅིག་ཏུ་ དཀོན་མཆོག་གསུམ་ལ་དད་ཅིང་གུས་ལ་ཕྱག་བྱེད་པའི་དགེ་བའི་བསམ་པ་དང་ལྡན་པ། ཞིབ་མོ་བརྟགས་པ། སེམས་ཅན་ཐམས་ཅད་དང་དགེ་བའི་དོན་ལ་བརྩོན་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ། ཕྱུག་པ། རྫས་མང་བ། ཡོ་བྱད་ཕུན་སུམ་ཚོགས་
Colophon
'phags pa dkyil 'khor brgyad pa zhes bya ba theg pa chen po'i mdo rdzogs so// rgya gar gyi mkhan po dzi na mi tra dang / dA na shI la dang / zhu chen gyi lots+tsha ba ban+de ye shes sdes bsgyur cing zhus te skad gsar chad kyis kyang bcos nas gtan la phab pa/