D1459MW23703_1459rgyud 'grelAll versions of this work

dpal lhan cig skyes pa bde ba'i mchog_/bdag byin gyis brlab pa zhes bya ba

Text

ff. 5b–6a · 2 folio sides

  1. 5b

    བརླབ་པ་ཞེས་བྱ་བ། རི་ཁྲོད་པ་ཆེན་པོའི་གསུང་རྗེ་མི་ཉག་ལོ་ཙཱ་བས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་སཾ་བར་སྭ་ཏིཥྛ་ནཾ་ནཱ་མ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་པ་བདེ་བའི་མཆོག་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ། ཧེ་རུ་ཀ་ལ་ཕྱག་ འཚལ་ལོ། །ཀྱེ་ཧོ་སྒྲུབ་པའི་སྙིང་པོ་བདེ་ཆེན་རང་གི་སེམས། །འཁྲུལ་པའི་དབང་གིས་རྐྱེན་དང་བཅས་གྱུར་ཀྱང་། །རྒྱ་མཚོའི་ཆུ་ནི་དངས་མའི་རང་བཞིན་ཡིན། །རྙོག་མའི་རང་བཞིན་གློ་བུར་རྐྱེན་ལས་བྱུང་། །མ་བཅོས་རང་སར་བཞག་ན་རྒྱལ་བའི་ཐུགས། །འདི་ན་བླ་མའི་དུས་ཐབས་ བསྟེན་ལས་བྱུང་བ་སྟེ། །ཐབས་ཀྱི་རྒྱལ་པོ་བྱ་བ་ཐམས་ཅད་གཏང་བར་བྱའོ། །ཞེས་རི་ཁྲོད་པ་ཆེན་པོས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་མན་ངག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་སཾ་བ་ར་སྭ་ཏིཥྛ་ནཾ་ནཱ་མ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་ པ་བདེ་བའི་མཆོག །བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ། ཧེ་རུ་ཀ་ཕྱག་འཚལ་ལོ། །རྣལ་འབྱོར་རྣམ་གསུམ་ཞེས་བྱ་སྟེ། །བྱིན་གྱིས་བརླབ་དང་རང་རྟགས་དང་། །རྫོགས་པའི་གཟུགས་བརྙན་བསམ་མེད་དོ། །སྣ་ཚོགས་གཟུགས་ཅན་ཡིད་དུ་འོང་། །ཡིད་བཞིན་ནོར་བུའི་ གཟུགས་འཆང་མ། །ཟིན་ན་དངོས་གྲུབ་ཆེན་པོ་འབྱུང་། །ཆོས་བཤད་ནས་ནི་དབང་དུ་བྱ། །ཡང་ན་རི་བའི་རིན་གྱིས་སླུ། །ཤིན་ཏུ་གསང་བའི་སྒྲུབ་པ་པོས། །དབང་གིས་ཡོངས་སུ་སྨིན་པ་དང་། །ལྷ་ལྟར་བལྟས་ལ་དངོས་གྲུབ་བླང་། །མེ་ལོང་ནང་གི་གཟུགས་བརྙན་ལྟར། ། གསལ་ལ་འཛིན་མེད་བདེ་བའི་སྐུ། །ཉི་ཤུ་རྩ་ལྔ་ཡུམ་རྣམས་རྫོགས། །བལྟས་དང་དགོད་དང་འཁྲིག་པ་ཡིས། །མཁའ་སྦྱོར་བདེ་བའི་ཕོ་བྲང་དུ། །དབང་གི་རྒྱལ་པོས་གར་བྱས་པས། །དཔའ་བོ་རྣལ་འབྱོར་མ་ཀུན་དགྱེས། །དཔའ་བོ་མཁའ་འགྲོ་དགྱེས་པའི་གླུ། །ཨཾ་དང་ ཧཾ་གི་སྒྲ་བརྗོད་པས། །ཚངས་པའི་རི་བོ་རྩེ་ནས་ཉིལ། །རྒྱ་མཚོའི་ལྦུ་བ་བལྟམས་པ་དང་། །གནས་པ་བཞི་ཡི་རིམ་པ་ཡིས། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །དབང་ཕྱུག་དམ་པའི་གསང་གཏམ་འདིས། །ནམ་མཁའ་རྡོ་རྗེ་གྲོང་དུ་འཇུག །བདེ་ཆེན་དག་པའི་ཞིང་

  2. 6a

    ཁམས་མཐོང་། །ཐམས་ཅད་ལྷན་ཅིག་སྐྱེས་པའི་སྐུ། །ཤེས་རབ་རྡོ་རྗེ་རྣལ་འབྱོར་མ། །གཉིས་མེད་བདེ་བའི་རྣམ་པ་ཅན། །མ་ནིང་ཞེས་བྱར་བརྗོད་པ་སྟེ། །ཁ་ཅིག་ཟུང་འཇུག་ཅེས་བྱར་བརྗོད། །སྒྲིབ་པ་དང་བྲལ་ཆོས་སྐུ་འདིར། །རཀྟ་ལ་སོགས་ བྱང་སེམས་རྣམས། །རྟེན་དང་བརྟེན་པའི་མཚན་ཉིད་ཀྱི། །དཀྱིལ་འཁོར་ཐམས་ཅད་འདི་ཉིད་དོ། །དཔལ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་འབྲིང་པོས་མཛད་པ། རྗེ་མི་ཉག་ཆེན་པོས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སཾ་བ་ར་བྱ་ཁྱཱ། བོད་སྐད་དུ། སྡོམ་པ་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔའ་བོ་རྣལ་འབྱོར་མ་འབྲེལ་ལས། །བདེ་མཆོག་བཤད་པ་འབྱུང་བ་སྟེ། ཨིནྡྲ་བྷཱུ་ཏིའི་གཞུང་ཉིད་དང་། །ཀུན་སྤྱོད་དཱ་རི་ཀ་གཞུང་གིས། །དཔའ་བོ་ དང་ནི་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་པ་རུ་གསུངས། །དཔལ་ལྡན་འབར་བ་འཛིན་ཞབས་སམ། །ཀ་ཙོ་ཏ་ཡི་གཞུང་རྣམས་ཀྱིས། །དཔའ་བོ་དང་ནི་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་པ་རུ་གྲགས། །མཁའ་འགྲོ་མ་སོགས་དཔའ་བོར་བཅས། །སྒོ་སྐྱོང་མ་དང་ཡང་དག་ ལྡན། །ཁྲོ་བོའི་གཟུགས་ནི་ཧཱུཾ་དང་བཅས། །ཞལ་གཅིག་པ་ལ་ཕྱག་བཞི་པ། །ལྷ་མོ་རབ་ཏུ་གཏུམ་སོགས་བཞིན། །སྐུ་མདོག་སྣ་ཚོགས་ཁྱད་པར་རོ། །བརྟུལ་ཞུགས་ཞལ་སྔ་ནས་ཀྱི་གཞུང་། །ཕྱག་གཉིས་དང་ནི་ཞལ་གཅིག་པ། །སྒེག་སོགས་རོ་ནི་ཐམས་ཅད་ཀྱིས། །དེ་རྣམས་འགྱིང་ བས་རོལ་བར་འགྱུར། །ཡང་ན་སེམས་ནི་རྣམ་དག་པ། །སྐུ་མདོག་སྔོན་པོ་རྣམ་པའི་དབྱིབས། །དཔའ་བོ་ལྷ་མོར་ཡང་དག་ལྡན། །ཁ་ཅིག་གིས་ནི་གཞུང་དུ་བརྗོད། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཁ་དོག་གསུམ་དུ་ཡང་དག་གནས། །གང་ཕྱིར་འཁོར་ལོ་གསུམ་གསུངས་ པ། །དེ་ཕྱིར་ཁ་དོག་གསུམ་དུ་འགྱུར། །འདི་རྣམས་ནང་ནས་གང་འདོད་པ། །དེ་ཀུན་རྣལ་འབྱོར་པས་གུས་བྱ། །ཕྱག་གཉིས་ལ་སོགས་བརྩམས་ནས་ནི། །ཇི་སྲིད་ཕྱག་ནི་འབུམ་དེ་བཞིན། །ཕྱག་དང་ཞལ་ནི་གྲུབ་ཕྱིར་མིན། །བསམ་ཡས་སྦྱོར་བས་བསམ་པར་བྱ། །དེ་ལྟར་བློ་

Colophon

dpal lhan cig skyes pa'i sgrub thabs bdag byin gyis brlab pa zhes bya ba/ rgyal po aindra bhU ti 'bring pos mdzad pa/ rje mi nyag chen pos bsgyur ba rdzogs so//