gnas chen po brgyad kyi mchod rten la bstod pa
Aṣṭamahāsthānacintyastotra
Text
ff. 81b–82a · 2 folio sides
- 81b
བསྙེན་བཀུར་བགྱིད་ཀྱང་བདག་གི་ཕྱོགས། །རྣམ་པ་ཀུན་དུ་ཕྱི་བཤོལ་ཅི་ཕྱིར་མཛད། །དེ་ལྟར་སྨྲེ་གསོལ་བ་ཡིས་ཁྱོད་ཡོན་ཏན། །ཆ་ཙམ་བརྗོད་ལས་བདག་གིས་དགེ་བསགས་པ། །གང་ཡིན་དེས་ནི་འགྲོ་ལ་བསོད་ནམས་དག །རྒྱ་ཆེར་རང་བཞིན་གྲུབ་པའི་བུམ་པ་བཟང་། །ཡིད་བཞིན་ ནོར་བུ་ལྟ་བུ་གཟུགས་སྐུ་ཡི། །ཞབས་གཉིས་རྒྱུ་བའི་དཔག་བསམ་འདྲ་བ་ཡི། །ཁྱོད་ཀྱི་གཞོན་ནུའི་ལུས་སུ་བདག་གྱུར་ཅིང་། །སྐྱེ་བ་ཀུན་དུ་བདག་པོ་ཉིད་གྱུར་ཅིག །རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཥྚ་མ་ཧཱ་སྠཱ་ན་ཙཻ་ཏྱ་སྟོ་ཏྲ། བོད་སྐད་དུ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བའི་བླ་མ་གཅིག་པུ་ལུམྦཱིར་བལྟམས། །སེར་སྐྱའི་གྲོང་ཁྱེར་གཞི་རུ་གནས་པར་མཛད། །ཡོན་ཏན་ རིན་ཆེན་བྱེ་བས་བརྒྱན་པ་ཡི། །བདེ་གཤེགས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །མ་ག་དྷཱ་ཡི་བྱང་ཆུབ་ཤིང་དྲུང་དུ། །ཆུ་བོ་ནཻ་རཉྫ་ན་ཞེས་བྱ་བའི། །འགྲམ་བཞུགས་མཆོད་རྟེན་ཡོན་ཏན་རྒྱ་ཆེ་བ། །བྱང་ཆུབ་རྟེན་དུ་གྱུར་ལ་ཕྱག་འཚལ་ལོ། །ཀ་ཤི་ཀ་ཡི་བཱ་རཱ་ཎ་སཱི་རུ། །ཆོས་ཀྱི་འཁོར་ ལོ་རྣམ་གྲོལ་རྨད་བྱུང་ནི། །ཉོན་མོངས་སྒྲིབ་པ་རྣམ་པར་གཅོད་མཛད་པ། །ཡེ་ཤེས་མཆོད་རྟེན་བཞི་ལ་ཕྱག་འཚལ་ལོ། །མཉན་དུ་ཡོད་པར་གཞན་སྟོབས་ཚར་བཅད་ནས། །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །ས་གསུམ་དགོངས་པ་མཆོག་ཏུ་བསྒྲུབ་མཛད་པ། །མུ་སྟེགས་ ཕམ་མཛད་མཆོད་རྟེན་ཕྱག་འཚལ་ལོ། །གྲོང་ཁྱེར་དམ་པ་མཆོག་ནི་གསལ་ལྡན་དུ། །ལྷ་རྣམས་གནས་གཤེགས་བླ་ན་མེད་པར་བབས། །ཞབས་ལ་ཚངས་དབང་ཅོད་པན་གྱིས་མཆོད་པ། །སུམ་ཅུའི་ལྷས་མཆོད་མཆོད་རྟེན་ཕྱག་འཚལ་ལོ། །དགེ་འདུན་དབྱེན་དུ་སྔར་གྱུར་ལས། ། སྟོན་པའི་ཉན་ཐོས་རབ་མཐུན་པ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ། །བྱམས་ངོས་མཆོད་རྟེན་ཕྱག་འཚལ་ལོ། །སྐུ་ཚེ་འདུ་བྱེད་བཏང་བ་ལས། །སླར་ཡང་སྐུ་ཚེ་བྱིན་བརླབས་པ། །རྣམ་གྲོལ་ཡངས་པ་ཅན་གྱི་ནི། །བྱིན་བརླབས་མཆོད་རྟེན་ཕྱག་འཚལ་ལོ། །ཀུ་ཤའི་གྲོང་དུ་འགྲོ་བ་
- 82a
རྣམས། །དགེ་བ་ལ་ནི་སྦྱོར་མཛད་ཅིང་། །འགྲན་མེད་གྱད་གནས་ཟུང་གི་ཚལ། །མཆོད་རྟེན་མྱ་ངན་འདས་ཕྱག་འཚལ། །ཤཱཀྱ་ཐུབ་མཆོད་རྟེན་བརྒྱད་པོ་དག །ཕྱོགས་བཅུ་གཞན་དང་གཞན་རྣམས་ན། །བཞུགས་པའི་ཆོས་སྐུ་ཀུན་ལ་འདུད། །ཞི་ལ་རྟག་ཏུ་སྤྱིས་ཕྱག་ འཚལ། །འདི་ལྟར་སྤྲོས་པ་ཀུན་བྲལ་དཔེ་མེད་རྟག་ཅིང་དག་པའི་ངོ་བོ་ཉིད། །སངས་རྒྱས་ཆོས་སྐུ་མཁའ་ལྟར་འགྲོ་བ་ལ་ཁྱབ་ཡང་དག་ཕྱག་འཚལ་བས། །བསོད་ནམས་གངས་རིའི་ཁ་དོག་ལྟར་དཀར་བདག་གི་རྒྱུད་ལ་གང་བསགས་པ། །དེས་ནི་སེམས་ཅན་མ་ལུས་ཏིང་འཛིན་བདེ་རྟོགས་བྱང་ཆུབ་ ཐོབ་པར་ཤོག །གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཥྚ་མ་ཧཱ་སྠཱ་ན་ཙཻ་ཏྱ་སྟོ་ཏྲ། བོད་སྐད་དུ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་ གྱུར་པ་ལ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བྱང་ཆུབ་སྙིང་པོར་སངས་རྒྱས་བདུད་ནི་བཏུལ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་ཕྱག་འཚལ་ལོ། །ཆོས་ཀྱི་གཞིར་གྱུར་སེར་སྐྱའི་གྲོང་ཁྱེར་དུ། །སྒྱུ་མའི་ ཡུམ་ལས་ཟས་གཙང་ཤཱཀ་རིགས་འཁྲུངས། །སྐུ་བཞེངས་སྟ་ཟུར་གཡས་ལ་ཚངས་པ་བཞེས། །བཀྲ་ཤིས་འབྱུང་བའི་མཆོད་རྟེན་ཕྱག་འཚལ་ལོ། །བཱ་རཱ་ཎ་སཱི་ལ་སོགས་བསོད་སྙོམས་གཤེགས། །གཟུགས་ཅན་སྙིང་པོའི་གླང་ཆེན་སྨྱོན་པ་རྣམས། །ཕྱག་གི་སོར་མོའི་སྟོབས་ཀྱིས་ བཏུལ་ནས་ཀྱང་། །གྲོང་ཁྱེར་འདུལ་མཛད་མཆོད་རྟེན་ཕྱག་འཚལ་ལོ། །ནེ་གསིང་དག་ཏུ་བསྙེལ་སོ་མཛད་པའི་ཚེ། །ཧ་ལུ་མཉྫུས་སྦྲང་རྩི་ཕུལ་ནས་ཀྱང་། །ཁྲོན་པར་དུས་བྱས་སུམ་ཅུ་རྩ་གསུམ་སྐྱེས། །ཐུགས་རྗེ་འབྱུང་བའི་མཆོད་རྟེན་ཕྱག་འཚལ་ལོ། །ཚངས་པས་འཁོར་ལོ་ཕུལ་ ནས་འཁོར་ལོ་བསྐོར། །མུ་སྟེགས་སྟོན་པ་དྲུག་ནི་སྟོབས་ཀྱིས་བཏུལ། །སྤྲུལ་པའི་གྲངས་ཀྱིས་ལྷ་མི་ཚིམ་མཛད་པའི། །ཆོ་འཕྲུལ་བསྟན་པའི་མཆོད་རྟེན་ཕྱག་འཚལ་ལོ། །དགའ་བོ་ལ་སོགས་ཀླུ་ཡི་ཚོགས་རྣམས་ཀྱིས། །བསྙེན་བཀུར་འབུལ་བའི་བུ་མོས་འོ་མ་དྲངས། །བཀའ་དང་
Colophon
gnas chen po brgyad kyi mchod rten la bstod pa/ slob dpon chen po 'phags pa klu sgrub kyis mdzad pa rdzogs so//