'phags pa rje btsun 'jam dpal gyi don dam pa'i bstod pa zhes bya ba
Niruttastabaṃ
Text
ff. 79b–80a · 2 folio sides
- 79b
དེ་ཡང་ཡོངས་སུ་བཏགས་པ་སྟེ། །དངོས་སུ་མགོན་པོ་ཁྱོད་མི་བཞེད། །སྟོང་དང་མི་སྟོང་བཞེད་མ་ལགས། །གཉིས་ཀར་ཁྱོད་དགྱེས་མ་ལགས་ཏེ། །དེ་ལ་རྩོད་པ་མ་མཆིས་པར། །ཁྱོད་ཀྱིས་གསུང་ཆེན་སྤྱོད་པ་ལགས། །གཞན་མིན་དངོས་པོ་ཡོད་མིན་ཞིང་། །གཞན་མིན་གཉིས་མིན་ ཞེས་ཀྱང་གསུངས། །གཅིག་དང་གཞན་ཉིད་སྤངས་པས་ན། །ཇི་ལྟ་བུར་ཡང་དངོས་མ་མཆིས། །གལ་ཏེ་སྐྱེ་སོགས་གསུམ་མཆིས་ན། །འདུས་བྱས་མཚན་ཉིད་མཆིས་པར་འགྱུར། །དེ་དག་གི་ཡང་སྐྱེ་ལ་སོགས། །གསུམ་པ་ཐ་དད་འགྱུར་བ་ལགས། །སྐྱེ་སོགས་གསུམ་པོ་སོ་སོ་ནི། ། འདུས་བྱས་ལས་ལ་ནུས་མ་ལགས། །གཅིག་ལ་གཅིག་ཏུ་འདུས་པ་རྣམས། །ཕྲད་པར་ཡང་ནི་མཆིས་མ་ལགས། །དེ་ལྟར་མཚན་གཞི་མཚན་མ་མཆིས། །དེ་ལྟར་གྲུབ་པ་མ་ལགས་པས། །འདུས་བྱས་གྲུབ་པ་མ་ལགས་ན། །འདུས་མ་བྱས་ལྟ་ག་ལ་གྲུབ། །སྨྲ་བའི་སེང་གེས་དེ་སྐད་ དུ། །ཁྱོད་ཉིད་གསུངས་ན་སེང་གེ་ཡིས། །འབིགས་བྱེད་གླང་ཆེན་སྨྲ་རྣམས་ཀྱི། །རྒྱགས་པ་བསལ་བར་གྱུར་པ་བཞིན། །ལམ་ཞུགས་གནོད་པ་སྣ་ཚོགས་དང་། །ལྟ་བའི་ལམ་ངན་མི་རྟེན་ལྟར། །ཁྱོད་ལ་བརྟེན་ནས་ཡོད་པ་དང་། །མེད་པ་ཉིད་ལའང་རྟེན་མ་ལགས། །ཁྱོད་ཀྱིས་དགོངས་ ནས་གསུངས་པ་དང་། །གང་དག་གིས་ནི་དེ་ལྟར་རྟོགས། །དེ་དག་ཁྱོད་ཀྱིས་དགོངས་གསུངས་པ། །ཕྱིར་ཞིང་རྟོགས་པར་བགྱི་མི་འཚལ། །དངོས་ཀུན་མྱ་ངན་འདས་མཚུངས་པར། །དེ་ལྟར་གང་གིས་རྣམ་ཤེས་པ། །དེ་ཚེ་དེ་ལ་ཇི་ལྟ་བུར། །ངར་འཛིན་ཀུན་དུ་འབྱུང་བར་འགྱུར། །དེ་ལྟར་ ཡང་དག་རིག་པའི་མཆོག །དེ་ཉིད་རིག་པ་ཁྱོད་བསྟོད་པའི། །བདག་གིས་བསོད་ནམས་གང་ཡིན་དེས། །འཇིག་རྟེན་ཡང་དག་རིག་མཆོག་ཤོག །བསྟོད་པ་ལས་འདས་པར་བསྟོད་པ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ནི་རུཏྟ་སྟ་བཾ། བོད་སྐད་དུ། བླ་ན་མེད་པའི་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་ཚུ་རོལ་ཕ་རོལ་སྤངས། །ཤེས་བྱའི་རང་གི་ངོ་བོ་མཆོག །ཡེ་ཤེས་རྫུ་འཕྲུལ་སྟོབས་ཀྱིས་བསལ། །བླ་མེད་དེ་ལ་ཕྱག་འཚལ་
- 80a
བསྟོད། །གང་ལ་མཁྱེན་དང་མི་མཁྱེན་མེད། །རྣལ་འབྱོར་པ་དང་ཐ་མལ་དང་། །གང་ལ་བསྒོམ་དང་མི་བསྒོམ་མེད། །བླ་མེད་དེ་ལ་ཕྱག་འཚལ་ལོ། །གང་ཞིག་གཅིག་པུ་ཡེ་ཤེས་གསལ། །མ་ལུས་ཤེས་བྱ་ཡོངས་སུ་གཅོད། །དེ་ལྟར་མཉམ་ཞིང་གཞལ་མེད་པ། ། བླ་མེད་དེ་ལ་ཕྱག་འཚལ་ལོ། །གང་ཞིག་རགས་དང་ཕྲ་བ་དང་། །ལྕི་བ་དང་ནི་ཡང་བའི་རྡུལ། །སྦྲུལ་གྱི་རྐང་པའི་རང་བཞིན་མེད། །བླ་མེད་དེ་ལ་ཕྱག་འཚལ་ལོ། །གང་གིས་སྲིན་བུའི་སྟོབས་ཀྱིས་ནི། །གང་ཞིག་ཐང་ལ་མཆི་བ་ལྟར། །གང་གིས་སྣང་བས་མུན་བསལ་བ། །བླ་ མེད་དེ་ལ་ཕྱག་འཚལ་ལོ། །གང་ཞིག་སྤྲུལ་ལྡན་རྫུ་འཕྲུལ་གྱིས། །གར་མཁན་རྐང་པ་བསྐྱོད་པ་ལ། །གང་གིས་ལམ་གཟིགས་ལམ་མཁྱེན་པ། །བླ་མེད་དེ་ལ་ཕྱག་འཚལ་ལོ། །གང་ཞིག་གིས་ནི་ཆ་ཤས་དང་། །དོན་སྟོང་མིན་ཏེ་གཉིས་ཀ་སྤངས། །ཐམས་ཅད་མཁྱེན་པ་དབང་ ཕྱུག་གཙོ། །བླ་མེད་དེ་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཉེས་པ་རྣམ་སྤངས་ཤིང་། །དྲི་མའི་བདག་ཉིད་ལས་རིང་བ། །དངོས་དང་དངོས་པོ་མེད་སྤངས་པ། །བླ་མེད་དེ་ལ་ཕྱག་འཚལ་ལོ། །བླ་ན་མེད་པའི་བསྟོད་པ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བྷནྚཱ་ར་ཀ་མཉྫུ་ཤྲཱི་པ་ར་མ་ཨརྠ་སྟུ་ཏི་ནཱ་མ། བོད་སྐད་དུ། འཕགས་པ་རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱོན་པ་མ་ལགས་བཞུད་མི་མངའ། །བཞེངས་པ་མ་ལགས་ བཞུགས་མི་མངའ། །འཇིག་རྟེན་པ་ལས་ཤིན་ཏུ་འདས། །ཚིག་ལས་འདས་པའི་སྤྱོད་ཡུལ་ལགས། །མགོན་པོ་ཁྱོད་ལ་ཇི་ལྟར་བསྟོད། །འོན་ཀྱང་འཇིག་རྟེན་བཏགས་རྟེན་གྱིས། །ཁྱོད་ནི་ཅི་འདྲ་དེ་བཞིན་དུ། །བདག་གིས་གུས་པས་བླ་མ་བསྟོད། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཏེ། །ཁྱོད་ ལ་སྐྱེ་བ་ཡོང་མི་མངའ། །མགོན་པོ་གཤེགས་དང་བྱོན་མི་མངའ། །དངོས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱོད་ལ་དངོས་དང་དངོས་མེད་མིན། །ཆད་པ་མ་ལགས་ཐེར་ཟུག་མིན། །ཁྱོད་རྟག་མ་ལགས་མི་རྟག་མིན། །གཉིས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །དམར་དང་ལྗང་དང་ལེ་
Colophon
bla na med pa'i bstod pa slob dpon chen po 'phags pa klu sgrub kyi zhal snga nas mdzad pa rdzogs so// //