D128MW4CZ5369_0128mdo sdeAll versions of this work

'phags pa chos nyid rang gi ngo bo stong pa nyid las mi g.yo bar tha dad par thams cad la snang ba'i mdo

Āryadharmatāsvabhāvaśūnyatāacalapratisarbaālokasūtra

Text

ff. 171a–174b · 8 folio sides

  1. 171a

    ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་དྷརྨ་ཏཱ་སྭ་བྷཱ་ཝ་ཤཱུ་ནྱ་ཏཱ་ཨ་ཙ་ལ་པྲ་ཏི་སརྦ་ཨཱ་ལོ་ཀ་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཉིད་རང་གི་ངོ་བོ་སྟོང་པ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་ལ་སྣང་བའི་མདོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་དགས་ཀྱི་རྒྱལ་པོའི་ཆོས་ཀྱི་ཁང་པ་ན་ཡེ་ཤེས་ཀྱི་ཁྱད་པར་ལས་གྲུབ་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ཆེན་པོ་བཤམས་པ་ལ། ཆོས་ཉིད་རང་གི་ངོ་བོ་ཉིད་ཇི་ལྟ་བ་ལས་ མི་གཡོ་བར་བཞུགས་སོ། །དེའི་ཚེ་གནས་དེར་བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དག་ཀྱང་འདུས། ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་འཁོར་ཕལ་པོ་ཆེ་ཐམས་ཅད་ཀྱང་འདུས་པར་གྱུར་ཏོ། །དེ་ནས་འཁོར་འདུས་པ་ཐམས་ཅད་ཀྱིས་བཅོམ་ལྡན་ འདས་ལ་ཡང་དང་ཡང་དུ་བསྐོར་བ་བྱེད་ཅིང་ཕྱག་འཚལ་ཏེ་རང་རང་གི་ཕྱོགས་ཕྱོགས་སུ་འདུག་སྟེ་མཆོད་པའི་མཆོག་ཐམས་ཅད་ཀྱིས་མཆོད་པར་བྱེད། བསྟི་སྟང་དུ་བྱེད། རི་མོར་བྱེད་པ་ལ་ཡིད་སྐྱོ་བར་མི་བྱེད་དེ། ཆོས་ཉན་པར་བརྩམས་ཏེ་མགོ་བཏུད་ནས་འདུག་པར་ གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ནི་རྣམ་གྲངས་དང་དབྱེ་བའི་ཆོས་ལ་རྟོག་པར་མི་མཛད་ཀྱང་སྨོན་ལམ་དང་ཐུགས་རྗེའི་བྱིན་གྱི་རླབས་ཀྱིས་འཁོར་རྣམས་ཀྱི་སོ་སོར་སོ་སོའི་མོས་པ་དང་བསམ་པ་ཇི་ལྟ་བ་བཞིན་དུ་གསུང་སྒྲོག་པར་སྣང་སྟེ། བཅོམ་ལྡན་འདས་ནི་བདག་ལ་ཆོས་ སྟོན་ཏེ། གཞན་དག་ལ་ནི་མ་ཡིན་ནོ་སྙམ་མོ། །དེ་ཡང་འཁོར་ཕལ་པོ་ཆེ་དེ་དག་ལས་ཀྱང་ཁ་ཅིག་གིས་ནི་ཇི་ལྟར་སྣང་བ་བཞིན་དུ་ཡོད་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། །ཁ་ཅིག་གིས་ནི་ཆོས་ཐམས་ཅད་སེམས་ཙམ་ལས་མ་ གཏོགས་པར་གཞན་མེད་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། །ཁ་ཅིག་གིས་ནི་སེམས་ཉིད་ཀྱང་མ་སྐྱེས་པ་ཡིན་པར་བདག་ཅག་ལ་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། །ཁ་ཅིག་གིས་ནི་ཆོས་ཐམས་

  2. 171b

    ཅད་སྒྱུ་མ་བཞིན་དུ་སྣང་ཞིང་སྒྱུ་མ་བཞིན་དུ་མ་གྲུབ་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། །ཁ་ཅིག་གིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ་རྟོག་པ་དང་རྟོག་པའི་ ཡུལ་ལས་འདས་པ། ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་པར་དག་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཆོས་ཉིད་རང་གི་ངོ་བོ་ཉིད་ཇི་ལྟ་བ་ལས་མི་གཡོ་བར་བཞུགས་པ་དེ་ལས་སྙིང་རྗེ་དང་ལྡན་པའི་སྐུར་བྱས་ནས་འཁོར་འདུས་པ་དེ་ དག་གི་ལྟ་བ་ཐ་དད་པར་གྱུར་པའི་རྟོག་པའི་མུན་པ་སེལ་བ་ཞེས་བྱ་བའི་འོད་ཟེར་ལྗགས་ཀྱི་དབང་པོ་ལས་སྤྲོས་ཏེ། འོད་ཟེར་དེས་ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས་ནས་འཁོར་དེ་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་འདུག་པར་གྱུར་པ་ལ་བསྐུལ་བས་བྱང་ཆུབ་སེམས་དཔའ་འཇམ་ དཔལ་གྱིས་འཁོར་ཕལ་མོ་ཆེའི་རྟོག་པ་ལྔ་པོ་ཐ་དད་པར་གྱུར་པ་སེམས་ཀྱིས་ཤེས་ནས། ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་གཞི་གཅིག་ལ་ལྟ་བ་དང་མོས་པ་ཐ་དད་པར་གྱུར་སྙམ་སྟེ། བདག་གིས་བཅོམ་ལྡན་འདས་ལ་ཞུ་བར་བྱའོ་སྙམ་པ་དང་འོད་ཟེར་དེ་དག་བཅོམ་ལྡན་འདས་ཀྱི་ ལྗགས་ཀྱི་དབང་པོ་ལ་སླར་འདུས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ནི་རྣམ་གྲངས་དང་དབྱེ་བའི་ཆོས་ལ་རྟོག་པར་མི་མཛད་ཀྱང་འཁོར་འདུས་པ་འདི་དག་མོས་པ་དང་ རྟོག་པ་ཐ་དད་པ་འདི་ཅི་ལས་གྱུར། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ཀུན་ཡང་དག་པ་ལགས་སམ། འོན་ཏེ་ཁ་ཅིག་ནི་ཡང་དག་པ་ལགས་ལ་ཁ་ཅིག་ནི་ཡང་དག་པ་མ་ལགས་སམ། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་ དག་གིས་རྣམ་པར་གྲོལ་བ་ཐོབ་པར་མཚུངས་ལགས་སམ། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་གང་ཟག་གི་རིགས་ནི་མཆིས་ལགས་སམ། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་ཐ་དད་པར་སྣང་བའི་འཐུན་པའི་དཔེ་

  3. 172a

    ནི་ཇི་ལྟར་ལགས། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལྟར་སོ་སོར་རྟོག་པའི་གང་ཟག་མ་འོངས་པའི་དུས་ན་ཡང་འབྱུང་བར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་སློབ་པའི་གང་ཟག་ རྣམས་དོན་ལགས་པ་དང་མ་ལགས་པར་རྩོད་པར་མི་འགྱུར་ལགས་སམ། བཅོམ་ལྡན་འདས་འཁོར་འདུས་པ་འདི་དག་གི་ཐེ་ཚོམ་གྱི་དྲ་བ་བཅད་པའི་སླད་དུ་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ ཁྱོད་འདི་སྐད་དུ་བཅོམ་ལྡན་འདས་ནི་རྣམ་གྲངས་དང་དབྱེ་བའི་ཆོས་ལ་རྟོག་པར་མི་མཛད་ཀྱང་འཁོར་འདུས་པ་འདི་དག་འདི་ལྟར་མོས་པ་དང་རྟོག་པ་ཐ་དད་པ་ཅི་ལས་གྱུར་ཞེས་ཟེར་བ་ནི་སྦྱངས་པ་དང་མ་སྦྱངས་པའི་དབང་ལས་ཤེས་པ་དང་། མོས་པ་ཆེ་ཆུང་ལས་གྱུར་ཏེ། སངས་རྒྱས་ རྣམས་ནི་སྦྱངས་པ་དང་བསགས་པ་དཔག་ཏུ་མེད་པས་རྩོལ་བ་མེད་པར་ཆོས་ཉིད་རང་གི་ངོ་བོ་ཉིད་ཇི་ལྟ་བ་ལས་མི་གཡོ་བ་གཅིག་པུ་ཡིན་ཏེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་ནོ། །ཆེར་སྦྱངས་པ་དང་ཅུང་ཟད་སྦྱངས་པ་རྣམས་ཀྱི་ནི་ཡང་དག་པ་ཡིན་པ་དང་མ་ ཡིན་པ་བརྒྱུད་པ་ལས་ཐོབ་པ་སྟེ། དེའི་ཕྱིར་ན་མོས་པ་དང་རྟོག་པ་ཐ་དད་པར་འགྱུར་རོ། །འཇམ་དཔལ་ཁྱོད་འདི་སྐད་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ཀུན་ཡང་དག་པ་ལགས་སམ། འོན་ཏེ་ཁ་ཅིག་ནི་ཡང་དག་པ་ལགས་ལ་ཁ་ཅིག་ནི་ཡང་དག་པ་མ་ལགས་སམ་ཞེས་ ཟེར་བ་ནི་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ཐམས་ཅད་ཀྱང་ཡང་དག་པ་ཡིན་པར་གཟུང་སྟེ། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་ཡོད་པའི་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འབྱུང་བ་བཞི་དང་དེས་བྱས་པ་རྣམས་ནི་ཐ་དད་དུ་སྒྱུ་ མ་བཞིན་དུ་ཡོད་པའི་ཕྱིར་རོ། ཁ་ཅིག་གིས་ནི་ཆོས་ཐམས་ཅད་ནི་སེམས་ཙམ་ལས་མ་གཏོགས་པ་གཞན་མེད་པའི་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་སྣ་ཚོགས་སུ་འདོགས་པ་རྣམས་རྟག་པ་ཐེར་ཟུག་ཏུ་བརྟགས་པའི་བག་ཆགས་སེམས་ལ་

  4. 172b

    བཞག་པའི་མཐུས་དུས་ཐམས་ཅད་དུ་བདག་དང་ཆོས་རྣམས་སུ་སྣང་བ་ཐ་སྙད་ཙམ་དུ་སྣང་ཡང་དོན་དུ་རང་བཞིན་མེད་དེ། སེམས་ཙམ་ལས་མེད་པའི་ཕྱིར་རོ། །ཁ་ཅིག་གིས་ནི་སེམས་ཉིད་ཀྱང་མ་སྐྱེས་པ་ཡིན་པར་བདག་ཅག་ལ་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལ་དབྱིབས་སམ། ཁ་དོག་གམ། དུས་གསུམ་འམ། མཐའ་དབུས་མེད་པའི་ཕྱིར་རོ། །ཁ་ཅིག་གིས་ནི་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་སྣང་ཞིང་སྒྱུ་མ་བཞིན་དུ་མ་གྲུབ་པའི་ཆོས་སྟོན་ཏོ་སྙམ་པ་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རྒྱུ་རྐྱེན་ལས་སྐྱེ་ཞིང་འབྱུང་ བའི་ཕྱིར་རོ། །ཁ་ཅིག་གིས་ནི་ཆོས་ཐམས་ཅད་རང་བཞིན་གྱི་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ། རྟོག་པ་དང་རྟོག་པའི་ཡུལ་ལས་འདས་པ། ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་པར་དག་པའི་ཆོས་སྟོན་ཏོ་སྙམ་ པ་ཡང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པ་དེ་ཡིན་པའི་ཕྱིར་རོ། །འཇམ་དཔལ་ཡང་ཁ་ཅིག་ཡང་དག་པ་མ་ཡིན་པར་ཡང་བཟུང་སྟེ། སྦྱངས་པ་ཆུང་བ། མོས་པ་དམན་པ། ཤེས་རབ་ཞན་པ་དག་གིས་རྟོག་པའོ། །ཁ་ཅིག་སྦྱངས་ པ་དང་མོས་པ་དང་ཤེས་རབ་འབྲིང་བ་རྣམས་ཀྱིས་རྟོགས་པའོ། །ལྷག་མ་ནི་ཡང་དག་པ་སྟེ་མཆོག་ཏུ་གྱུར་པའི་རྟོགས་པའོ། །འཇམ་དཔལ་ཁྱོད་འདི་སྐད་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་གིས་རྣམ་པར་གྲོལ་བ་ཐོབ་པར་མཚུངས་སམ་ཟེར་བ་ནི་ཤེས་རབ་མཆོག་ཏུ་གྱུར་ པའི་རྟོགས་པ་ཡང་དག་པ་ལས་ལྷག་མ་བཞི་པོ་གཅིག་ལ་གཅིག་བརྒྱུད་པའི་ཁྱད་པར་གྱིས་ཉེ་རིང་ཡོད་ཀྱང་རྣམ་པར་གྲོལ་བ་འཐོབ་པར་མཚུངས་པར་བལྟའོ། །འཇམ་དཔལ་ཁྱོད་ཀྱིས་འདི་སྐད་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་གང་ཟག་གི་རིགས་ནི་མཆིས་ལགས་ སམ་ཞེས་ཟེར་བ་ནི་ཐེག་པ་ཆུང་ངུའི་རིགས་དང་ཐེག་པ་ཆེན་པོའི་རིགས་གཉིས་ཀས་ཆོས་ལ་བརྟག་པའི་མཐའ་ལྔ་ལས་བཞི་ལས་བརྒྱུད་ནས་ལྷག་མ་གཅིག་ཏུ་ཡང་དག་པ་ཕྱིན་ཅི་མ་ལོག་པ་སངས་རྒྱས་ཀྱི་སྤྱོད་ཡུལ་རྟོགས་པར་བྱའོ། །འཇམ་དཔལ་ཁྱོད་ཀྱིས་འདི་སྐད་དུ་

  5. 173a

    ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་ཐ་དད་པར་སྣང་བའི་འཐུན་པའི་དཔེ་ནི་ཇི་ལྟར་ལགས་ཞེས་ཟེར་བ་ནི་ཆོས་ཀྱི་གཞི་གཅིག་ལ་ཐ་དད་པར་རྟོག་པའི་དཔེ་ནི་འཛམ་བུའི་གླིང་དུ་ཉི་མ་འཆར་བས་བསྟན་ཏེ། འཛམ་བུའི་གླིང་དུ་ཉི་མ་འཆར་བ་དཔག་ཚད་བཞི་ཁྲིའི་ ནམ་མཁའ་ལས་འཆར་བའི་ཚེ་མི་རྣམས་ཀྱིས་རང་གི་གྲོང་ཁྱེར་དང་རི་འདི་ལས་ཤར་བར་སོ་སོ་ནས་རྟོག་གོ། །དེ་བཞིན་དུ་ད་ལྟར་གྱི་འཁོར་འདུས་པ་འདི་དག་གིས་ཆོས་ཀྱི་གཞི་གཅིག་ལ་སོ་སོར་རྟོག་གོ། །སོ་སོར་མཐོང་ངོ་། །སོ་སོར་འཛིན་ཏོ། །འཇམ་དཔལ་རྣམ་པར་ མ་བརྟགས་པའི་ཚེ་རང་གི་གྲོང་ཁྱེར་གྱི་རི་ལས་མི་འཆར་བ་མ་ཡིན་པ་བཞིན་དུ་ཆོས་ལ་བརྟག་པའི་མཐའ་འདི་དག་ཀྱང་ཡང་དག་པ་ཕྱིན་ཅི་མ་ལོག་པ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ལས་མ་ལྟོས་པ་གཞན་བཞི་པོ་དེ་བཞིན་དུ་སྣང་ངོ་། །འཇམ་དཔལ་རང་གི་གྲོང་ཁྱེར་གྱི་རི་དེ་ ལས་ཡང་དག་པར་འཆར་བ་མ་ཡིན་པ་དེ་བཞིན་དུ་བཞི་པོ་ནི་རྟོགས་པའི་ཐབས་བློའི་རིམ་པ་ལ་དེ་ལྟར་སྣང་སྟེ། དོན་ཡང་དག་པ་ཉིད་མ་ཡིན་ནོ། །འཇམ་དཔལ་བརྟག་པ་ལྔ་པོ་འདི་དག་ལས་རྣམ་པར་གྲོལ་བ་མཚུངས་པ་ཐོབ་པའི་དཔེ་ནི་ནོར་བུ་རིན་པོ་ཆེས་བསྟན་ཏེ། རིན་པོ་ཆེ་དེ་ཡང་སེམས་ཅན་རྣམས་ཀྱིས་བསྟེན་པའི་ལས་བྱས་པ་དང་མ་བྱས་པ་ཡོད་དེ། གང་ཟག་རྟོག་པ་མེད་པ་དང་ལོག་པར་རྟོག་པ་རྣམས་ནི་ཆོས་ལ་བརྟག་པའི་མཐའ་ལྔ་ལ་མི་བརྟེན་པ་སྟེ། རིན་པོ་ཆེ་བསྟེན་པའི་ལས་མ་བྱས་པའི་གང་ཟག་གིས་རིན་པོ་ཆེ་མ་ རྙེད་པ་དང་དགོས་པ་མི་འབྱུང་བ་བཞིན་དུ་དེ་དག་ལ་མི་དཔྱོད་མི་སེམས་པས་ཁམས་གསུམ་ལས་མི་ཐར་བ་ཡིན་ནོ། །བསྟེན་པའི་ལས་བྱས་པ་ནི་ཁྱད་པར་དུ་བསགས་པ་དང་ཆེར་བསགས་པ་དང་ཅུང་ཟད་བསགས་པ་རྣམས་ལ་རིན་པོ་ཆེའི་དགོས་པ་ཡང་རིམ་པ་གསུམ་ དུ་འབྱུང་བ་བཞིན་དུ་ཡང་དག་པ་ཕྱིན་ཅི་མ་ལོག་པ་དང་ལྷག་མ་བཞི་པོ་བརྒྱུད་པར་བརྟག་པ་ཐེག་པ་ཆེ་ཆུང་རིམ་པ་གསུམ་ཡང་དཔེ་རིམ་པ་བཞིན་ནོ། །ངས་བཤད་པའི་མདོ་སྡེ་བཅུ་གཉིས་དང་ཆོས་ལ་བརྟག་པའི་མཐའ་ལྔ་ཇི་ལྟ་བུ་ཡིན་པའི་དཔེ་ནི་རྒྱ་མཚོ་ལ་ཕྱོགས་བཞི་ནས་

  6. 173b

    ཆུ་འབབ་པས་བསྟན་ཏེ། ཕྱོགས་བཞི་ནས་ཆུ་བོ་བཞི་ཡན་ལག་མང་པོ་དང་བཅས་པ་ཕྱོགས་བཞི་ནས་བབ་ཀྱང་གཞི་རྒྱ་མཚོ་ཆེན་པོ་ལས་བབ་པར་འདྲ་བས་རྒྱ་མཚོ་ནི་ཕྱོགས་བཞི་ནས་འབབ་པའི་ཆུ་ཐམས་ཅད་ཀྱི་གཞི་ཡིན་ནོ། །སྤྱི་ཡིན་ནོ། །དེ་བཞིན་དུ་ཆོས་ལ་བརྟག་པའི་ མཐའ་ལྔ་ཐ་དད་ཀྱང་ངས་མདོ་སྡེ་བཅུ་གཉིས་བཤད་པ་ལ་རྟེན་པ་ཡིན་པས་མདོ་སྡེ་བཅུ་གཉིས་ནི་གཞི་ཡིན་ནོ། །སྤྱི་ཡིན་ནོ། །འཇམ་དཔལ་ཁྱོད་འདི་སྐད་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལྟར་སོ་སོར་རྟོག་པའི་གང་ཟག་མ་འོངས་པའི་དུས་ན་ཡང་འབྱུང་བར་འགྱུར་བ་ལགས་ སམ་ཞེས་ཟེར་བ་ནི་ད་ལྟར་ངས་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པ་ན་ཡང་འཁོར་འདུས་པ་རྣམས་ལ་རྟོག་པ་འདི་ལྟ་བུར་ཐ་དད་པར་གྱུར་ན་ང་མྱ་ངན་ལས་འདས་ནས་ཐ་དད་པར་འགྱུར་བ་ལྟ་ཅི་སྨོས་ཏེ་ཆེས་མང་བར་འགྱུར་རོ། །འཇམ་དཔལ་ང་མྱ་ངན་ལས་འདས་ནས་ ལོ་ལྔ་བརྒྱ་དང་དགུ་བརྒྱ་དང་སྟོང་དགུ་བརྒྱ་དང་ཉིས་སྟོང་དང་ཉིས་སྟོང་ལྔ་བརྒྱའི་བར་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་སོ་སོར་རྟོག་པའི་གང་ཟག་རིམ་པར་འབྱུང་བར་འགྱུར་རོ། །འཇམ་དཔལ་ཁྱོད་འདི་སྐད་དུ་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ལ་སློབ་པའི་གང་ཟག་ རྣམས་དོན་ལགས་པ་དང་མ་ལགས་པར་རྩོད་པར་མི་འགྱུར་ལགས་སམ་ཞེས་ཟེར་བ་ནི་མ་འོངས་པའི་དུས་ང་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ནས་རྩོད་པར་འགྱུར་ཏེ། དེའི་ཚེ་གང་ཟག་རྣམས་མོས་པ་དང་ཤེས་རབ་ཆེ་ཆུང་གི་དབང་གིས་དོན་མ་ནོར་བར་རྟོགས་མ་རྟོགས་ཀྱི་བྱེ་བྲག་ མེད་པར་བདག་ཉིད་ཀྱི་དོན་མ་ཡིན་པ་ལ་ཡིན་ངེས་པར་བྱས་ཏེ། གཞན་གྱི་དོན་ཡིན་པ་ཡང་མ་ཡིན་པར་བསྒྲུབས་ནས་རྩོད་པར་འགྱུར་རོ། །གཞན་དྲུང་ན་འཁོད་ཅིང་ཉན་པ་རྣམས་ཀྱིས་ཀྱང་དོན་བཞིན་དུ་ཕྱོགས་འཛིན་པར་མི་བྱེད་ཀྱི། ཡུལ་གྱིས་བསྡུས་པ་དང་གཉེན་གྱི་ཕྱོགས་ འཛིན་པར་འགྱུར་རོ། །དོན་མ་ནོར་བར་ཤེས་པ་རྣམས་ཀྱིས་ཀྱང་མི་ཤེས་པ་རྣམས་ལ་བསྟན་པར་བྱ་བའི་ཕྱིར་མི་རྩོད་ཀྱི། སྨ་དབབ་པ་དང་ཤེད་གཅད་པའི་ཕྱིར་རྩོད་དེ། ཁྱོད་ཀྱི་དོན་གྱི་ངོ་བོ་ཇི་ལྟར་མཐོང་བ་སྨྲོས་ཞེས་དྲིས་ནས། དེས་སྨྲས་པ་དང་། དོན་མ་ནོར་ཡང་མདོ་སྡེ་གཞན་

  7. 174a

    ལ་བརྩམས་ནས་སྨྲ་བར་འགྱུར་རོ། །ཁྱོད་འདི་སྐད་ཟེར་ཞེས་ནོར་བ་གཞན་ལ་སྒྲོགས་པར་འགྱུར་རོ། །བདག་ཉིད་ལས་མ་གཏོགས་པ་གཞན་གྱིས་མ་ཤེས་ན་ཅི་མ་རུང་སྙམ་པར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱིར་མ་ཡིན་གྱི་ཟང་ཟིང་གི་ཕྱིར་སྒྲོགས་པར་འགྱུར་རོ། །དེ་སྐད་ ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ལ་བརྟག་པའི་མཐའ་ལྔ་པོ་འདི་དག་ཆོས་ཀྱི་གཞི་གཅིག་ལ་ཐ་དད་པར་གྱུར་ན་ཆོས་ཀྱི་གཞི་དེ་ནི་གང་ལགས། དེ་ལ་ཇི་ལྟར་བརྟགས་ན་ནི་འཁྲུལ་པ་ལགས། དེའི་མ་ནོར་བའི་རང་གི་ངོ་བོ་ ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གཞི་ནི་ཕུང་པོ་རྣམས་སོ། །འབྱུང་བ་རྣམས་སོ། །ཁམས་དང་སྐྱེ་མཆེད་རྣམས་སོ། །དེ་དག་སྒྱུ་མ་བཞིན་ཐ་སྙད་ཙམ་དུ་སྣང་བ་ལས་རྟག་པ་དང་ཐེར་ཟུག་ཏུ་བཟུང་ན་འཁྲུལ་པ་ཡིན་ནོ། །རང་བཞིན་སྐྱེ་བ་མེད་པ་ ལ་དངོས་པོ་ཐ་སྙད་དུ་སྣང་བ་བསལ་ནས་མེད་པར་བརྟགས་ན་ཡང་འཁྲུལ་པ་ཡིན་ནོ། །དེའི་གཞི་མ་ནོར་བའི་རང་གིས་ངོ་བོ་ནི་ཆོས་དེ་དག་གི་རང་བཞིན་སྐྱེ་བ་མེད་པ་ཡིན་ནོ། །གསོལ་པ། འོ་ན་ཡུལ་འཁྲུལ་པའི་གཞི་མ་མཆིས་ན་ཡུལ་འཁྲུལ་པ་སྣང་ཞེས་བྱ་བ་ཇི་ལྟ་བུ་ལགས། བཀའ་ སྩལ་པ། ཆོས་སྒྱུ་མ་བཞིན་ཐ་སྙད་ཙམ་དུ་སྣང་ཞིང་ཡོད་པ་དེ་སེམས་འཁྲུལ་པས་སྣང་བར་ནི་མི་བཟུང་གི །ཆོས་དེ་དག་གི་རང་བཞིན་སྐྱེ་བ་མེད་པར་མ་ཤེས་ནས་རྟག་པ་ཐེར་ཟུག་ཏུ་བཟུང་བའི་འཁྲུལ་པའི་སྣང་བ་ལ་སེམས་འཁྲུལ་པ་ཡུལ་དུ་སྣང་བར་ཟུང་ཤིག །དེ་ཅིའི་ཕྱིར་ ཞེ་ན། ཆོས་རྣམས་ལ་གང་གིས་རྟག་པ་དང་ཐེར་ཟུག་ཏུ་བཟུང་ན་འཁོར་བར་འགྱུར་རོ། །འཁོར་བར་གྱུར་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་འགྱུར་རོ། །དེ་ཡོད་ན་བདེ་བ་དང་སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ། །གང་གིས་ཆོས་རྣམས་ཀྱི་རང་བཞིན་སྐྱེ་བ་ མེད་པ་ཤེས་ནས་ཆོས་རྣམས་ཀྱི་དངོས་པོ་རྟག་པ་ཐེར་ཟུག་དང་། མེད་པ་དང་ཆད་པའི་མཐའ་གཉིས་པོ་བསལ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །དེ་ཐོབ་པ་དང་མཚན་དང་དཔེ་བྱད་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྣང་བར་འགྱུར་རོ། །

  8. 174b

    འཇམ་དཔལ་མདོར་ན་ཆོས་ཀྱི་རང་བཞིན་སྐྱེ་བ་མེད་པར་མ་ཤེས་ནས་ཆོས་རྣམས་ལ་རྟག་པ་དང་ཐེར་ཟུག་ཏུ་བཟུང་བས་འཁོར་བར་གྱུར་ནས། ཆོས་རྣམས་སྣང་བ་ལ་སེམས་འཁྲུལ་པ་སྣང་ཞེས་བྱའི། ཐོག་མ་ནམ་མཁའ་ལྟ་བུ་མེད་པ་ལས་སེམས་འཁྲུལ་པའི་མཐུས་ཆོས་རྣམས་ སྣང་བ་ནི་མ་ཡིན་ནོ། །འཇམ་དཔལ་མཐོང་བ་དག་པ་དང་མ་དག་པ་གཉིས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པར་སྣང་བ་ལ་ཡང་ཡུལ་ནི་སེམས་སྣང་བ་ཡིན་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་འདུས་པ་དེ་དག་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་སྣང་བའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །དཱ་ན་ཤཱི་ལའི་ཞལ་ནས་སྡེ་སྣོད་ཀྱི་བསྟན་ བཅོས་དང་དབུ་མའི་ལྟ་བ་ཐ་དད་རྣམས་འདི་ལས་འཕྲོས་པ་ཡིན་གསུང་སྐད།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པྲ་ཤཱན་ཏ་བི་ནིཤྩ་ཡ་པྲཱ་ཏི་ཧཱརྱ་ནཱ་མ་ས་མཱ་དྷི་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་ པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། སྨན་གྱི་རྒྱལ་པོ་དང་། སྨན་ཡང་དག་བྱུང་དང་། སྨན་མངོན་བསྒྲགས་དབྱངས་རྒྱལ་པོ་དང་། ལག་ན་པད་མ་དང་། ཉི་མའི་འོད་དང་། རྡུལ་མེད་རྣམ་པར་གནོན་དང་། ངན་སོང་སྤོང་དང་། ཡེ་ཤེས་བླ་མའི་ཡེ་ཤེས་ལྡན་དང་།

Colophon

chos nyid rang gi ngo bo nyid las mi g.yo bar tha dad par thams cad snang ba'i mdo rdzogs so// rgya gar gyi mkhan po dA na shI la dang ban de ye shes sdes bsgyur cing zhus te gtan la phab pa/