dpa' bo gcig pa'i sgrub thabs zhes bya ba
Text
ff. 33a–34a · 3 folio sides
- 33a
དེ་བཞིན་ཕ་རོལ་ཕྱིན་པ་ཡིན། །མཁས་པས་རྒྱབ་ཀྱིས་གཤེགས་གསོལ་བྱ། །དེ་ལྟར་དཔའ་བོའི་བརྡ་བྱས་ཏེ། །དེར་ནི་ལྷན་ཅིག་ཟས་བརྩམ་བྱ། །ནག་པོའི་ཕྱོགས་ཀྱི་ཚེས་བཅུ་དང་། །དཀར་པོའི་ཕྱོགས་ཀྱིའང་དེ་བཞིན་འགྱུར། །རྡོ་རྗེ་ལྷ་མོ་ཤ་ཆང་ རྣམས་ཀྱིས་ཀྱང་། །ངེས་པར་རབ་ཏུ་འབད་དེ་མཆོད་པར་བྱ། །ནག་པོའི་ཚེས་བརྒྱད་ནག་པོའི་བཅུ་བཞི་དང་། །དཀར་པོའི་ཚེས་བརྒྱད་དཀར་པོའི་བཅུ་བཞི་ལ། །རྡོ་རྗེ་ལྷ་མོ་ཤ་ཆང་རྣམས་ཀྱིས་ཀྱང་། །ངེས་པར་རབ་ཏུ་འབད་དེ་མཆོད་པར་བྱ། །དེ་དག་མཆོད་པ་དེ་ལ་རབ་དགྱེས་ ཤིང་། །དཔལ་ལྡན་ཧེ་རུ་ཀ་ཡང་ཆགས་གྱུར་པའི། །ཐུགས་དགྱེས་གྱུར་ནས་མཆོག་ནི་སྩོལ་བར་འགྱུར། །འདི་ལྟར་མཆོག་ནི་དེ་དག་ལག་མཐིལ་གནས། །བྱང་ཆུབ་རྡོ་རྗེས་འདི་བྱས་ལས། །དགེ་ཆེན་དག་ནི་གང་སྐྱེས་པ། །ངན་འགྲོ་བྱང་ཆུབ་རྡོ་རྗེ་ཡི། །གོ་འཕང་མཆོག་ནི་ཐོབ་ པར་ཤོག །ཀུན་སྤྱོད་མངོན་འབྱུང་ཞེས་བྱ་མ་ལུས་པ་དང་མཁའ་འགྲོ་ངེས་བརྗོད་བླ་མ་དང་། །ལཱུ་ཡི་བ་ལ་སོགས་པ་ཡིས་ནི་མཛད་པར་བལྟས་ནས་ཀྱང་། །འཁོར་ལོའི་གཙོ་བོ་དཔལ་དག་སྐྱེ་བ་གཅིག་ཏུ་ཡོངས་སུ་གོམས་མཛད་ནས། །དཔལ་ལྡན་སམྦ་ར་རོལ་སྒྲུབ་ཐབས་བྱང་ཆུབ་གང་ ཡིན་དེ་ལ་ཕྱག་འཚལ་ལོ། །སློབ་དཔོན་བྱང་ཆུབ་རྡོ་རྗེའི་ཞལ་སྔ་ནས་ཀྱིས་མཛད་པ་སམྦ་ར་ཤེས་པར་བྱེད་པ་ཞེས་བྱའི་འགྲེལ་པ། དཔལ་བདེ་མཆོག་གི་མངོན་པར་རྟོགས་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བྷ་དྲ་ཤྲཱི་བོ་དྷི་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨེ་ཀ་བཱི་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོར་མལ་ནས་ལངས་ཏེ་ཁ་ལ་སོགས་པ་དག་པར་བྱས་ནས་སྟན་འཇམ་པོ་ལ་ཉེ་བར་འདུག་ སྟེ། སྙིང་གར་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ཏེ། དེའི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ག །དེའི་འོད་ཟེར་གྱིས་མདུན་གྱི་བར་སྣང་ལ་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་མོ་རྣམས་གསལ་བར་དམིགས་
- 33b
ཏེ་ཡིད་ཀྱིས་མཆོད་པར་བསམ་མོ། །འོད་ཟེར་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་གསལ་བར་བསམས་ལ་ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་སྔགས་འདིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་ནས་ སྙིང་གའི་ཉི་མའི་སྙེང་དུ་ཧཱུཾ་དེ་ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་གསལ་བར་དམིགས་པར་བྱའོ། །འོད་ཟེར་འཕྲོས་ཏེ་བགེགས་བསྲེགས་ལ་སྙིང་གའི་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའི་ཆང་ཟུང་ལ་ཡི་གེ་ཧཱུཾ་བསམས་ཏེ། དེའི་འོད་ཟེར་གྱིས་ཁམས་གསུམ་གྱི་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཏེ་འོད་ ཟེར་བསྡུས་མ་ཐག་ཏུ་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་སྐུ་མདོག་ནག་པོ་ཞལ་གཅིག་པ་ཕྱག་གཉིས་པ། ཕྱག་གཡོན་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ། ཕྱག་གཡས་པ་རྡོ་རྗེ་འཕྱར་བ་མཆེ་བ་གཙིགས་པ་རལ་པ་དང་ཐོད་པའི་དབུ་རྒྱན་ཅན། སྤྱི་གཙུག་གི་འཁོར་ལོ་དང་རྣ་རྒྱན་ དང་མགུལ་རྒྱན་དང་གདུ་བུ་དང་སྐ་རགས་ཀྱིས་བརྒྱན་པ། མི་མགོའི་ཆུན་འཕྱང་དང་། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། དཔྲལ་བ་དང་། མགྲིན་པ་དང་། སྙིང་གར། ཨོཾ་ཨཱཿཧཱུཾ་གི་བྱིན་གྱིས་བརླབས་པ། རང་དང་འདྲ་བའི་ཤེས་རབ་ཀྱིས་འཁྱུད་པ། ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ སྟེང་དུ་ཡི་གེ་ཧཱུཾ་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་མཁའ་ལ་བཀུག་སྟེ་བདག་ཉིད་ལ་བསྟིམ་པར་བྱའོ། །སླར་འོད་ཟེར་གྱིས་དེ་བཞིན་གཤེགས་པ་བསྐུལ་ཏེ་བདག་ལ་དབང་བསྐུར་བ་དང་། མཆོད་པ་དང་བསྟོད་པར་བསམ་མོ། །དེ་ནས་བདུད་ རྩི་མྱང་བ་བྱས་ནས། ཆོས་ཀྱི་སྐུ་འདི་ལྟར་དམིགས་པར་བྱའོ། །སྤྱི་བོ་དང་མགྲིན་པ་དང་། སྙིང་ག་དང་། ལྟེ་བར་བདེ་བ་ཆེན་པོ་དང་ལོངས་སྤྱོད་དང་ཆོས་དང་སྤྲུལ་པའི་འཁོར་ལོ་བསམས་ཏེ། ཧཾ་ཨཾ་ཧཱུཾ་ཨོཾ་སྟེ། དེ་དག་གི་ལྟེ་བར་བསྒོམ་པར་བྱའོ། །དེ་ནས་སྲོག་དང་རྩོལ་བ་སྦྱར་ནས་ ཨཾ་ལས་ཡེ་ཤེས་ཀྱི་མེ་སྤར་ལ། སྔར་བཀོད་པའི་ཡི་གེ་བསྲེགས་ཏེ། ཧཾ་ལས་བདུད་རྩིའི་ཐིག་ལེ་འབབ་པ་ལྟེ་བར་བསྒོམ་པར་བྱའོ། །དེ་ལ་བརྟན་ཞིང་སེམས་རྩེ་གཅིག་པར་བྱས་ལ་དུ་བ་ལ་སོགས་པའི་རྟགས་རྙེད་ནས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་བྱའོ། །དེ་ལྟ་བུ་ལ་ཇི་
- 34a
སྲིད་མི་སྐྱོ་བའི་བར་དུ་གནས་པར་བྱའོ། །མ་གོམས་པའི་དབང་གིས་སྐྱོ་བར་གྱུར་ན། སྔོན་དུ་བཤད་པའི་དཔལ་ཧེ་རུ་ཀའི་སྐུ་འཇའ་ཚོན་ལྟ་བུ་དམིགས་ཏེ་ལྡང་བར་བྱའོ། །དེའི་བཟླས་པ་ནི། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་འདི་བཟླས་པར་བྱའོ། །མཆོད་པ་ལྔས་མཆོད་ ལ་རང་གི་སྙིང་གར་བསྡུ་བར་བྱའོ། །དཔའ་བོ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཌོཾ་བི་ཧེ་རུ་ཀས་མཛད་པ་རྫོགས་སོ།། །།རྗེ་དཱི་པཾ་ཀ་རའི་ཞལ་སྔ་ནས་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་རོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨ་བྷི་ས་མ་ཡ་ནཱ་མ་པཉྩི་ ཀཱ། བོད་སྐད་དུ། དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀའ་འགྲེལ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདེ་མཆོག་དཔལ་ལྡན་བླ་མ་ཡི། །ཞབས་ཀྱི་པདྨར་ཕྱག་འཚལ་ཏེ། །ལཱུ་ཡི་པ་ཡི་སྒྲུབ་ཐབས་ཀྱི། །དེ་ཡི་དཀའ་འགྲེལ་བདག་གིས་བྱ། །དང་པོ་ཁོ་ནར་རྣལ་འབྱོར་ པས་དུར་ཁྲོད་དམ་རི་ལ་སོགས་པ་མཐོ་བའི་གནས་སུ་རོ་ལ་ཉེ་བར་གནས་ལ། གཅེར་བུ་སྐྲ་བཀྲོལ་ཏེ་བདུད་རྩི་ལྔའི་རིལ་བུ་ཁར་བཅུག་ལ་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། ཤྲཱི་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་བཞིའི་དོན་མངོན་དུ་བྱ་སྟེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པའོ། །རུ་ ནི་ཚོགས་དང་བྲལ་བ་སྟེ། ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུར་ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་ལན་གསུམ་བརྗོད་ལ། བདེ་མཆོག་འཁོར་ལོ་ཕྱག་གཉིས་པ་ཡུམ་དང་བཅས་པའམ་གཅིག་པུ་གང་ཡང་རུང་བར་མོས་པར་བྱས་ལ། དེའི་རྗེས་ལ་ཨོཾ་གྱི་ཡི་གེའི་དང་པོ་ཅན་དང་ཧཱུཾ་ཧཱུཾ་ཕཊ་ཀྱི་ཡི་གེའི་མཐའ་ཅན་གྱིས་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་འོད་ཟེར་ལྔ་དང་ལྡན་པ་ལན་གསུམ་དུ་བརྗོད་པས་ཡོངས་སུ་བསྐོར་ནས་གནས་པ་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས་ཏེ། བགེགས་ཀྱི་ཚོགས་རྣམས་འཇོམས་པར་བྱེད་པས་ བསྐྲད་པར་བསྒོམས་ལ། དེ་བསྒོམས་ནས་ཅི་ཞིག་བྱ་བ་དེ་གསུངས་པ། རེ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་གིས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལྟར་ཐམས་ཅད་བྱས་ནས་ཚངས་པའི་གནས་བཞི་བསྒོམ་པ་དེ་གང་ལས་རྙེད་ཅེ་ན། བླ་མའི་གདམས་ངག་ལས་དང་།
Colophon
dpa' bo gcig pa'i sgrub thabs slob dpon chen po dam bi he ru kas mdzad pa rdzogs so// //rje dI pam ka ra'i zhal snga nas dang/ nag tsho tshul khrims rgyal bas bsgyur ro//