gtam rgyud kyi rtog pa
Text
ff. 213b–214a · 2 folio sides
- 213b
ཡང་ན་ཉི་མའི་སྦུ་གུས་བཏུང་། །ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ན། །ལས་ཀྱི་རྣམ་སྨིན་སྦྱོང་བར་བྱེད། །རིག་པ་འཛིན་པའི་ས་ལ་གནས། །དེ་བཞིན་ཆོ་ག་བཞིན་དུ་བསྟེན། །ཚེས་གཅིག་སྐྱ་རེངས་ཤར་བ་ནི། །སྣོད་ལ་མ་རེག་རུས་སྦལ་ཞོ། །དྲོད་མ་ཡལ་བར་བཏུང་བ་ འམ། །ཡང་ན་ཉི་མའི་སྦུ་གུས་བཏུང་། །མར་གྱི་ངོ་ཡི་ཚེས་གཅིག་ལ། །འོད་ཀྱི་ལོ་མ་བཙལ་ནས་ནི། །དེ་ཉིད་ནས་ནི་གཟུང་བར་བྱ། །ཞག་གསུམ་ཆུ་ཡི་ཆར་པ་གཏང་། །ལོ་མ་དེ་བཅད་བཟའ་བར་བྱ། །ཡང་ན་ཉི་མའི་སྦུ་གུས་བཏུང་། །འཇིམ་པ་སྐམ་པོ་སྦྱར་ནས་ནི། །ཞག་ གསུམ་ཆུ་ཡི་ནང་དུ་སྦང་། །དེ་བླངས་ནས་ནི་ཡང་སྐམས་ནས། །ཕྱེ་མ་བྱི་ལའི་སྤར་ཚད་རེ། །བ་ཡི་འོ་མ་དང་སྦྱར་ནས། །སྔགས་པས་རྟག་ཏུ་བཏུང་བར་བྱ། །མེ་ཡི་སྡོང་པོ་སེར་པོ་ནི། །ས་ཡི་མར་གྱིས་དྲིལ་ནས་ནི། །ཁ་སྦྱར་སྦྱོར་དང་ལྡན་བྱས་ནས། །མེ་ཆུ་ས་ཡིས་ བཙིར་ནས་ནི། །བཏུང་བའམ་ཉི་མའི་སྦུ་གུས་བཏུང་། །ལན་ཚྭ་བྲལ་བ་དག་ལ་ནི། །ཞག་གསུམ་འཆི་བའི་སྒྲ་བརྙན་རྫས། །ནམ་གྱི་དུས་ལ་སྔགས་པས་བླངས། །ཆ་གསུམ་སྣོད་དུ་ཞག་གསུམ་གཞག །ཁ་ཡི་ཆ་ནི་བྱུག་པ་སྟེ། །དབུས་མའི་ཆ་ནི་བདུད་རྩི་ཉིད། །རྩ་བའི་ཆ་ནི་དོར་ བ་སྟེ། །འདི་རྣམས་སོ་སོར་བསྟན་པ་ན། །ཐ་མལ་འབྲས་བུ་གསུམ་གྱི་ཕྱེ། །བྱི་ལའི་སྦར་ཚད་དེ་དང་སྦྱར། །མ་སྦྱར་ན་ཡང་ཉེས་པ་མེད། །ཚོགས་པར་བསྟན་ནས་བཟླ་བར་བྱ། །རེ་རེ་བསྟེན་ཡང་ཉེས་པ་མེད། །དམ་རྫས་རྨད་དུ་བསྒྱུར་ཏེ་བསྟན་པའི་ཆོ་ག་རྫོགས་སོ།། །། དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །བཅོམ་ལྡན་ཉིད་ཀྱི་སྐུ་གསུང་ཐུགས། །རྡོ་རྗེ་རྣམས་ལས་བྱུང་བ་ཡི། །རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡིས། །ལྷོ་ཕྱོགས་རྒྱ་མཚོ་ཕ་རྒལ་ནས། །དེ་ནས་གཤིན་རྗེའི་གྲོང་ཁྱེར་ནི། །ག་ལ་བ་ཡི་གནས་སུ་བྱོན། ། མི་བཟད་ཞབས་ནི་བཅུ་དྲུག་གི །ལྕགས་མཁར་སྒོ་མེད་བཅུ་དྲུག་བརྫིས། །ཡེ་ཤེས་རྩེ་གཅིག་མཚན་མ་ཡི། །དབུས་ཀྱི་ལྕགས་མཁར་ཆེན་པོ་བརྫིས། །དེ་ཚེ་བདུད་ཆེན་ལས་རྒྱལ་ནས། །ཧ་ཧ་ཧི་ཧི་སྒྲ་སྒྲོགས་པ། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །གཟིར་བཞིན་དུ་ནི་རབ་སྨྲས་པ། །དཔའ་
- 214a
བོ་ཆེན་པོ་ག་ལ་ཅི། །དཔའ་བོའི་དགོངས་པ་བདག་གིས་བགྱི། །བདག་ཅག་སྲོག་ལ་སྙིང་པོ་རྣམས། །ཚུལ་བཞིན་འབུམ་གྱིས་དཔའ་བོ་བཞེས། །ལྷ་མ་ཡིན་སྡེ་བརྒྱད་ཀྱི་སྲོག་གི་ཡང་སྙིང་ཕུལ་བ་ནི། །གཤིན་རྗེའི་ཡ་ཕུལ་མ་མོས་མ། །སྲིན་པོས་ར་ཕུལ་གནོད་སྦྱིན་ཀྵེ། ། མི་ཡིས་ན་ཕུལ་ས་བདག་སྭ། །བཙན་གྱིས་ཙ་ཕུལ་བདུད་ཀྱིས་ད། །དེ་རྣམས་གཅིག་ཏུ་དྲིལ་བ་ནི། །བྲན་དུ་ཡང་ནི་ཁས་བླངས་སོ། །གཏན་ཚིགས་ཆེན་པོ་དེ་ཡི་ཕྱིར། །ཡེ་ཤེས་ལྷ་ཡིས་དགོངས་པ་དང་། །བསྙེན་པ་ཉམས་འོག་རབ་ཆུད་ནས། །ལྷ་ཡི་བསྙེན་པ་རབ་ཆུད་ནས། །སྔོན་གྱི་ ཐུགས་དམ་ལས་མི་འདའ། །མི་འགྲུབ་པ་ནི་མི་སྲིད་དོ། །ཨོཾ་ཡ་མ་རཱ་ཛཿས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་སྐད་སྨྲས་པ་དང་། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡིས། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །གཤིན་རྗེའི་ཕོ་ཉ་ལ་སོགས་ ཀུན། །སྒྲོལ་བའི་གིང་དུ་བྱིན་གྱིས་བརླབས། །མ་དང་སྲིང་མོ་བུ་མོ་དང་། །འཁོར་བཅས་ཀུན་ལ་བཀའ་བསྒོ་བ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཡི་བསྟན་པ་འབྱུང་བའི་ཚེ། །རྣལ་འབྱོར་རིག་འཛིན་ལྡན་པ་ལ། །བཀའ་བསྒོ་བ་ཡི་ལས་རྣམས་ཚུལ་བཞིན་གྱིས། །ཞེས་བྱས་དམ་ བཅས་པ་དང་། མནན་བཞིན་དུ་མནན་བོར་རོ། །གཏམ་རྒྱུད་ཀྱི་རྟོགས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲི་བཛྲ་བྷཻ་ར་བ་པཱ་ནི་ན་ཨ་པ་ན་ཤུདྡྷ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་མཚན་གྱི་རྣམ་པར་དག་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇིག་ རྟེན་དབང་ཕྱུག་སེང་གེའི་སྒྲ་ལ་ཕྱག་འཚལ་ལོ། །མ་རིག་པ་གཅོད་པས་གྲི་གུག །གཟུང་འཛིན་གྱི་རྣམ་པར་རྟོག་པ་འཇོམ་པས་རྡོ་རྗེ་རྩེ་གཅིག་པ། དྲན་པའི་ཉོན་མོངས་པ་འཇོམས་པར་བྱེད་པས་གཏུན་ཤིང་། སྲེད་པ་གཅོད་པར་བྱེད་པས་ཆུ་གྲིའོ། །ལུས་ངག་གི་ཉེས་པ་འཇོམས་པས་ རྡོ་རྗེ་རྩེ་གཅིག་པའོ། །ཕྲག་དོག་འཇོམས་པས་སྟ་རེའོ། །ལྟ་བ་ངན་པ་འཇོམས་པས་མདུང་ངོ་། །དབང་གི་ལས་བྱེད་པས་མདའ་འོ། །འགུགས་པས་ལྕགས་ཀྱུའོ། །ལས་ཀྱི་སྒྲིབ་པ་འཇོམས་པར་བྱེད་པས་དབྱུག་ཏོའོ། །ཁ་ཊྭཱཾ་ག་ནི་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་དོ། །ཤེས་བྱའི་
Colophon
gtam rgyud kyi rtogs pa rdzogs so//