D571MW4CZ5369_0571rgyudAll versions of this work

'phags pa dug sel ces bya ba'i rig sngags

Āryajigulināmabidyā

Text

ff. 198a–199a · 3 folio sides

  1. 198a

    ལྡན་འདས་རྣམས་ཀྱི་རིག་སྔགས་ཀྱི་མིང་གཞན་དག་རྒྱུན་དུ་ཡིད་ལ་བྱའོ། །འོན་ཀྱང་གསང་སྔགས་ཀྱི་གཞི་འདི་དག་གི་མཐུས་གང་དག་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་འཁོད་པའི་ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོ་འམ། གནོད་སྦྱིན་ནམ། ཡི་དགས་སམ། གྲུལ་བུམ་མམ། ཤ་ཟ་འམ། མི་འམ། མི་མ་ཡིན་པ་དེ་དག་དེ་ལ་སེམས་དགའ་བར་འགྱུར་རོ། །བར་ཆད་བྱེད་པར་མི་འགྱུར། རྟག་ཏུ་ཡོངས་སུ་གཟུང་བར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དགའ་བཟང་དང་། ཡངས་པ་ཆེན་པོ་དང་། ལག་ན་རྡོ་རྗེ་དང་། ཡོངས་སུ་དགའ་ལྡན་དང་། རི་དབེན་པ་ལ་གནས་པ་དང་། གངས་རི་ལ་གནས་པས་ཀྱང་ཡོངས་སུ་གཟུང་བར་འགྱུར་རོ། །འོག་མིན་གྱི་བར་གྱི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་འདི་ལྟ་སྟེ། དབྱིག་དང་ལྡན་པའི་ གཟུངས་ཀྱི་མཐུས་འཇིགས་པ་འམ། དགོན་པར་དེ་ལ་བྱིན་གྱིས་རློབ་པར་འགྱུར། དེ་ལ་མི་འཇིགས་པ་སྦྱིན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགའ་ལྡན་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཤིང་། དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ལེགས་པར་གནས་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་ གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཛི་གུ་ལི་ནཱ་མ་བིདྱཱ། བོད་སྐད་དུ། འཕགས་པ་དུག་སེལ་ཅེས་བྱ་བའི་རིག་སྔགས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་

  2. 198b

    ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་ཚེ་ང་བྱང་ཆུབ་སེམས་དཔར་གྱུར་པ་ན། གངས་ཀྱི་རི་ཡི་བྱང་ངོས་ན། །སྤོས་ངད་ལྡན་པའི་རི་བོ་ལ། །རི་ཡི་རྒྱལ་པོའི་སུལ་གནས་ཚེ། །གཞོན་ནུ་བསོད་ནམས་བརྒྱ་ཡི་ མཚན། །ཨེ་ན་ཡ་ཡི་པགས་གྱོན་ལ། །སྦྲུལ་གྱིས་བརྒྱན་པའི་སྐ་རགས་ཅན། །གདུག་པའི་སྦྲུལ་གྱིས་མགོ་རྒྱན་བྱས། །མཐོང་ན་གདུག་པའི་རྣ་རྒྱན་ཅན། །དུག་གི་མེ་ཏོག་རྣམས་ཟ་ཞིང་། །མ་ལུ་ཏ་ཡི་ལྕུག་ཁུ་འཐུང་། །ང་ལ་དེ་འབོད་དུ་འཇུག །བུ་ཁྱོད་ཚུར་ཤོག་ང་ལས་ ཉོན། །ང་ལ་དུག་སེལ་ཅེས་བྱ་བ། །དུག་འཇིག་རིག་སྔགས་དམ་པ་ཡོད། །དུག་རྣམས་གང་ཡིན་དེ་ཀུན་ནི། །ང་ཡི་མིང་གིས་འཇིག་པར་འགྱུར། །ཏདྱ་ཐཱ། ཨོཾ་ཨི་ལི་མིཏྟེ། ཏི་ལི་མིཏྟེ། ཨི་ལི་ཏི་ལི་མིཏྟེ། དུམྦེ། དུམ་བཱ་ལཱི་ཡེ། དུསྨེ། དུསྨ་ལི་ཡེ། ཏར་ཀེ། ཏ་ཀ་ར་ཎེ། མརྨེ། མརྨེ་ར་ཎེ། ཀཤྨི་རི། ཀཤྨཱི་ར། མུག་ཏེ། ཨ་གྷེ། ཨ་གྷ་ཎེ། ཨ་གྷ་ན་གྷ་ཎེ། ཨི་ལཱི་ཨ་ལཱི་ཨེ། ཨ་ཁཱ། ཨཱི་ཨེ། ཨ་བྱཱ། ཨི་ཨེ། ཤྭེ་ཏེ། ཤ་ཏ། དུཎྜེ། ཨ་ནུ་རགྟེ་སྭཱ་ཧཱ། དགེ་སློང་དག་ངའི་དུག་སེལ་གྱི་རིག་སྔགས་འདི་ནི་སྦྱིན་པ་ཐམས་ཅད་དཀར་པོ་སྟེ། སུས་རིག་ སྔགས་འདི་ལན་ཅིག་ཐོས་པ་དེ་ལ་ལོ་བདུན་གྱི་བར་དུ་སྦྲུལ་གྱིས་མི་ཟའོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ། །སྦྲུལ་གང་ཞིག་དེ་ལ་འཛིན་ན་དེའི་མགོ་ཤིང་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །གསང་སྔགས་ཀྱི་ཚིག་འདི་དག་སྦྲུལ་གྱི་མདུན་དུ་བརྗོད་པར་མི་བྱའོ། །དེ་ ཅིའི་ཕྱིར་ཞེ་ན། སྦྲུལ་དེ་འཆི་བའི་ཕྱིར་རོ། །ཏདྱ་ཐཱ། ཨི་ལ་ལཱ། ཙི་ལ་ལཱི། ཙཀྲ་བཀྐོ། །ཀཽ་ཌ། ཀོ་ཌེ་ཌི། ཀུ་རུ་ཏ། ཀུ་རུ་ཌ་ཏི། པོ་ཌཱ་ཏི། བུ་རུ་དཱ། པུ་རུ་དེ་ཏི། མོ་ཌེ་ཏི། ནི་ཀུ་རུ་ཌེ། ནི་ཀུ་རུ་ཌེ། ནི་མ་མུ་རུ་ཏ། ནི་མ་མུ་རུ་ཌེ་ཏེ། པུ་རུ་དེ། ཕུཏྟ་རེ་ཧ། ཕུཏྟ་ཕུཊྚཊྚཾ་ཌ་ར་ཧེ། ནཱ་ག་རཱ་ ཧེ། ན་གདྟ་ད་ཏ་ཎྜ་ར་ཧེ། སརྦ་ར་ཧེ། སརྦ་ཏཏྟ་ད་ར་ཧ། ཨཙྪི་ཨཙྪི། པུ་རུ་ཊ་ཏ། ཙ་ལ་བི་ཥེ། ཤཱི་ཏེ། ཤཱི་ཏཱ། བནྡྷ་ལེ། མཱ་ཏཱ་ལེ། ཧ་ལེ་ཧ་ལེ། ཧ་ལ་ཧ་ལ། ཧ་ལ་ལེ། ཨེ་ལ་ལེ། ཀེ་པ་ཙ་ལེ། མི་ལ་ལེ། ཏཎྜི་ཧཎྜི། ཏ་ཊ་ཏ་ཊ། སྥུ་ཊ་སྥུ་ཊ། ཕཊ་ཊ་ཕཊ་ཊ། ཧ་ར་བི་ཤྭ་སྭཱ་ཧཱ།

  3. 199a

    དགེ་སློང་དག་དེ་ལྟར་ན་དུག་སེལ་གྱིས་འབྱུང་པོ་འདུས་པ་ཐམས་ཅད་ལ་རིག་སྔགས་གང་བརྗོད་ཅིང་བསྙད་པ་དེ་དག་ཐམས་ཅད་ནི་དེ་བཞིན་ནོ། །གཞན་མ་ཡིན་པ་དེ་བཞིན་ནོ། །ཡང་དག་པའོ། །བདེན་པའོ། །མ་ནོར་བའོ། །ཕྱིན་ཅི་མ་ལོག་པའོ། །དུག་འདི་མི་ གདུག་པར་གྱུར་ཅིག །སྦྱིན་པར་བྱེད་པའི་གན་དུ་སོང་ཤིག །འཛིན་པའི་གན་དུ་སོང་ཤིག །མེའི་ནང་དུ་སོང་ཤིག །ཆུའི་ནང་དུ་སོང་ཤིག །ཐང་ལ་སོང་ཤིག །ཀ་བའི་ནང་དུ་སོང་ཤིག །རྩིག་པའི་ནང་དུ་སོང་ཤིག །ནམ་མཁའ་ལ་སོང་ཤིག །སའི་ནང་དུ་སོང་ཤིག །ཞི་ བར་གྱུར་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །འཕགས་པ་དུག་སེལ་ཅེས་བྱ་བའི་རིག་སྔགས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། སིདྡྷ་པ་ཋི་ཏ་བྷ་ག་ཝ་ཏཱི་ཨཱརྱ་ཨངྒུ་ལི་ནཱ་མ་བིདྱཱ་རཱ་ཛྙཱི། བོད་སྐད་དུ། བཀླགས་པས་གྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བ་རིག་པའི་རྒྱལ་མོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ ལ་ཕྱག་འཚལ་ལོ། །དེ་ལྟར་དགེ་སློང་རྣམས་རི་དྲི་རྒྱལ་ན་གནས་ཏེ་དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་དེ་ན་བཞུགས་ཏེ། དེས་བདག་ལ་སྨྲས་པ། བུ་སྔགས་ཀྱི་ཚིག་འདི་ཉོན་ཅིག །ཀླུའི་དབང་པོ་རྣམས་ཀྱི་དུག་མེད་པར་བྱེད། སྦྲུལ་གྱི་དུག་མེད་པར་བྱེད། གཡོག་ རྣམས་དང་། སྲིན་པོ་རྣམས་དང་། འབྱུང་པོ་རྣམས་དང་། ཤ་ཟ་རྣམས་དང་། སེམས་ཅན་སྟོབས་པོ་ཆེ་རྣམས་དང་། གྲུལ་བུམ་རྣམས་དང་། སེམས་ཅན་ཕྲ་མོ་རྣམས་དང་། ཕྲ་མེན་ཕ་དང་། ཕྲ་མེན་མ་དང་། ཆུ་སྲིན་དང་། སྟག་དང་། གྲུལ་བུམ་དང་རྭ་ཅན་ དང་། མཆེ་བ་ཅན་གྱིས་དེ་ལྟར་སྔགས་ཀྱི་ཚིག་དྲག་ཤུལ་ཆེན་པོ་ཨྃ་གུ་ལི་ཡང་དག་པར་ཐོས་ན་སྔགས་ཀྱི་གཙོ་བོ་སེམས་ཅན་གདུག་པ་རབ་ཏུ་འཇིལ་བར་བྱེད་པ་སྟེ། སྔགས་ཅན་གང་གིས་དེ་ཤེས་ན་ལྷ་རྣམས་ཀྱི་གདུག་པ་ཡང་དག་པར་མེད་པར་བྱེད་དོ། །ཨོཾ་ན་མོ་བྷ་ག་བ་ཏི་ཨརྱ་ཨཾ་གུ་ལི།

Colophon

'phags pa dug sel ces bya ba'i rig sngags rdzogs so/