rdo rje 'chang chen po'i bstod pa
Mahābajradharastotra
Text
ff. 75b–76a · 2 folio sides
- 75b
སེམས་ཅན་མགུ་བར་བྱ་བའི་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཚིགས་སུ་བཅད་པའི་སྒོ་ནས་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་བཛྲ་དྷ་ར་སྟོ་ཏྲ། བོད་སྐད་དུ། རྡོ་རྗེ་འཆང་ཆེན་པོའི་བསྟོད་པ། ཕྱོགས་བཅུ་ནམ་མཁའི་མཐས་ཀླས་པ་ན་བཞུགས་པའི་རྫོགས་པའི་སངས་རྒྱས་ཐམས་ཅད་དང་། རྡོ་རྗེ་ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་རྣམས་ ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་པར་གྱུར་ཏོ། །ཀུན་རྫོབ་བདེན་པ་ལ་ཕྱག་འཚལ། །དོན་དམ་ཁྱོད་ལ་ཕྱག་འཚལ་ལོ། །བདེན་གཉིས་དབྱེར་མེད་ལ་ཕྱག་འཚལ། །རྡོ་རྗེའི་སྐུ་ ཁྱོད་ལ་ཕྱག་འཚལ། །སྐུ་དང་གསུང་དང་ཐུགས་ནི་དག །སྐུ་ནི་གདོད་ནས་ནམ་མཁའི་སྐུ། །རྣམ་པར་མི་རྟོག་དམིགས་པ་མེད། །རང་བཞིན་མེད་པ་ཁྱོད་ཕྱག་འཚལ། །དགེ་དང་མི་དགེའི་རྣམ་རྟོག་དང་། །ཡིད་ལ་བྱེད་དང་སེམས་པ་མེད། །རང་བཞིན་གྱིས་ནི་ནམ་མཁའི་ཚུལ། ། རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །འཁོར་བའི་སྒྲུབ་པས་འཁོར་གྱུར་པའི། །ཕུང་པོ་ལྔ་ནི་རྣམ་པར་དག །སངས་རྒྱས་ལྔ་ཡི་ངོ་བོ་ཉིད། །ནམ་མཁར་གནས་པ་ཁྱོད་ཕྱག་འཚལ། །ཡོངས་སུ་མི་ཤེས་འཁོར་བ་ཡི། །རྒྱ་མཚོར་འཁྱམས་པའི་ལུས་ཅན་ཕྱིར། །ཡོངས་ཤེས་སྐྱེ་བ་ འཛིན་པ་ཡི། །དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །རྟག་དང་མི་རྟག་སོགས་རྣམས་ལ། །རྟག་དང་མི་རྟག་སོགས་རྣམས་ཀྱིས། །རྣམ་དག་ལམ་སྟོན་ལ་མཁས་པ། །རྡོ་རྗེ་སློབ་དཔོན་ཁྱོད་ཕྱག་འཚལ། །རང་གི་སྡེ་དང་གཞན་གྱི་སྡེ། །ལྟ་བའི་རིམས་ཀྱིས་བཏབ་པ་ཡི། །ནད་པ་རྣམས་ ནི་གསོ་མཛད་པ། །སྨན་པའི་རྒྱལ་པོ་ཁྱོད་ཕྱག་འཚལ། །སྣ་ཚོགས་རྣམ་པར་རྟོག་པ་ཡི། །འདམ་གྱིས་མ་གོས་གཙང་བའི་སྐུ། །འོད་གསལ་བར་ནི་ངང་གིས་གནས། །པདྨ་ཆེན་པོ་ཁྱོད་ཕྱག་འཚལ། །ཞེས་པ་ནམ་མཁའ་ཆེན་པོའི་རྒྱུད་ལས་འབྱུང་བ། རྡོ་རྗེ་འཆང་ཆེན་པོའི་བསྟོད་པ། ཕྱག་ན་
- 76a
རྡོ་རྗེས་མཛད་པ་རྫོགས་སོ།། །།རྗེ་བཙུན་གནས་བརྟན་ཆེན་པོ་དཔལ་རྡོ་རྗེ་འཆང་གི་སྐུ་ཅན་སྤྱན་སྔ་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་བཀའ་བཞིན་ཞ་ལུ་ལོ་ཙཱ་བ་དྷརྨ་པཱ་ལས་དཔལ་གདན་ས་ཐེལ་གྱི་ཡང་དགོན་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཛྙཱ་པཱ་ར་མི་ཏ་སྟོ་ཏྲཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །གང་ཁྱོད་སྐུ་ཀུན་ཉེས་མེད་ལ། །ཉེས་མེད་རྣམས་ཀྱིས་གཟིགས་མཛད་པ། །དཔག་མེད་ཤེས་རབ་ཕ་རོལ་ཕྱིན། །རྣམ་པར་ མི་རྟོག་ཕྱག་འཚལ་འདུད། །ནམ་མཁའ་བཞིན་དུ་གོས་མེད་ཅིང་། །སྤྲོས་པ་མེད་ཅིང་ཡི་གེ་མེད། །བསམ་ཡས་ཁྱོད་མཐོང་གང་ཡིན་པ། །དེས་ནི་དེ་བཞིན་གཤེགས་པ་མཐོང་། །འཕགས་མ་ཡོན་ཏན་ཕྱུག་ཁྱོད་དང་། །སངས་རྒྱས་འགྲོ་བའི་བླ་མ་རྣམས། །ཁྱད་པར་ཡོད་པར་མ་ འཁུམས་ཏེ། །ཟླ་བ་དང་ནི་ཟླ་འོད་བཞིན། །གུས་ལ་བྱམས་མ་སངས་རྒྱས་ཀྱི། །ཆོས་ཀྱི་སྔོན་འགྲོ་ཁྱོད་བརྟན་ནས། །ཐུགས་རྗེའི་བདག་ཉིད་མཉམ་མེད་པའི། །བདག་ཉིད་ཆེན་པོར་བདེ་བླག་འགྲོ། །ལན་ཅིག་ཙམ་ཡང་བསམ་དག་པས། །ཁྱོད་ལ་ཚུལ་བཞིན་བལྟ་བ་དང་། །དེས་ཀྱང་མཐོང་ བ་དོན་ཡོད་ཀྱི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །གཞན་དོན་མངོན་དགའི་བདག་ཉིད་ཅན། །དཔའ་བོ་དག་ནི་ཐམས་ཅད་ཀྱི། །གསོ་མཛད་བསྐྱེད་པར་མཛད་པ་སྟེ། །ཁྱོད་ནི་བྱམས་མའི་ཡུམ་ལགས་སོ། །གང་སླད་སངས་རྒྱས་འཇིག་རྟེན་གཙོ། །ཐུགས་རྗེ་ཅན་རྣམས་ཁྱོད་ཀྱི་སྲས། ། དེ་ཡི་སླད་དུ་དགེ་མ་ཁྱོད། །སེམས་ཅན་ཀུན་གྱི་ཕྱི་མོ་ལགས། །ཕ་རོལ་ཕྱིན་པ་དྲི་མེད་པ། །ཀུན་གྱིས་མ་སྨད་པ་ཁྱོད་ཀྱི། །དུས་ཀུན་རྗེས་སུ་འབྲང་ལགས་པ། །རྒྱུ་སྐར་རྣམས་ཀྱིས་ཟླ་རིས་བཞིན། །གདུལ་བྱའི་འགྲོ་བ་ལ་བརྟེན་ནས། །དེ་དང་དེ་བཞིན་གཤེགས་རྣམས་ཀྱིས། །ཁྱོད་ཉིད་ གཅིག་པུ་ཚུལ་མང་དུ། །སྣ་ཚོགས་མཚན་གྱིས་བསྔགས་པ་མཛད། །ཟིལ་པའི་ཆུ་ཡི་ཐིགས་པ་རྣམས། །ཉི་མའི་འོད་དང་མཇལ་བ་བཞིན། །རྒོལ་བ་རྣམས་ཀྱི་རྩོད་དང་སྐྱོན། །ཁྱོད་དང་མཇལ་ན་འཇིག་པར་འགྱུར། །ཁྱོད་ཉིད་བྱིས་པ་རྣམས་ལ་ནི། །སྐྲག་བྱེད་མཐོང་ན་འཇིགས་པ་དང་། །
Colophon
rdo rje 'chang chen po'i bstod pa/_phyag na rdo rjes mdzad pa rdzogs so//_//rje btsun gnas brtan chen po dpal rdo rje 'chang gi sku can spyan snga nas kyi bka' bzhin zha lu lo tsA ba d+harma pA las dpal gdan sa thel gyi yang dgon du bsgyur ba'o