D1135MW23703_1135bstod tshogsAll versions of this work

mdzad pa bcu gnyis kyi tshul la bstod pa

Dvīdaśakāranāmayastotra

Text

ff. 82b–83a · 2 folio sides

  1. 82b

    འཇིག་རྟེན་མ་ལུས་ཚར་གཅོད་པ། །ཉེར་ཞི་རྒྱལ་བའི་མཆོད་རྟེན་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དང་རང་སངས་རྒྱས་རྣམས་དང་། །ཉན་ཐོས་དགྲ་བཅོམ་ཚོགས་ཀྱིས་ཡོངས་བསྐོར་ཏེ། །སྡོམ་དང་ཚུལ་ཁྲིམས་ལ་ནི་རབ་བཀོད་པའི། །རྣམ་པར་དག་པའི་མཆོད་རྟེན་ཕྱག་འཚལ་ལོ། །སེམས་ ཅན་མི་རྟག་འདུལ་བའི་དགོངས་པ་དང་། །ལྷ་ལས་བབས་ནས་མཛད་པ་ཀུན་གྱི་མཐར། །ཙུན་དས་གསོལ་བཏབ་ཟླ་གསུམ་ནས་མཐར་ཕྱིན། །མྱ་ངན་འདས་མཛད་མཆོད་རྟེན་ཕྱག་འཚལ་ལོ། །གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་ རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྭཱི་ད་ཤ་ཀཱ་ར་ནཱ་མ་ན་ཡ་སྟོ་ཏྲཾ། བོད་སྐད་དུ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་ གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་འདུལ་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་ སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་ལ་ཕྱག་འཚལ་ལོ། །གཞོན་ནུ་སྟོབས་ལྡན་མི་ཡི་.སེང་གེ་དེས། །ཨཾ་ག་མ་ག་དྷཱར་ནི་ སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། །ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། ། འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །བརྩོན་པས་བྱང་ཆུབ་འགྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་

  2. 83a

    སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ནས། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷྭ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་ འཚལ་ལོ། །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །བཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ནས། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་ སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་ལས་རྒྱལ་མཛད་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། ། ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བྱའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང་། །མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ ནི་རིང་བསྲེལ་མང་སྤྲུལ་ནས། །ཆ་བརྒྱད་སྐུ་གདུང་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱི། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡིས། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག །མཛད་པ་ བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བན་ད་ན་སྟོ་ཏྲ་ནཱ་མ། བོད་སྐད་དུ། ཕྱག་འཚལ་བའི་བསྟོད་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། ། གནོད་བྱེད་འདོད་ཆགས་ཞེ་སྡང་དང་། །སྲིད་འཁོར་རྨོངས་ཆེན་དྲ་བ་སྤངས། །མཆོག་སྦྱིན་མཛད་པ་རྒྱལ་བ་མཆོག །མཆོག་བྱུང་སངས་རྒྱས་བདག་ཕྱག་འཚལ། །ཡང་དག་ཐུགས་ཆུད་རྫོགས་སངས་རྒྱས། །ལྷ་དང་ལྷ་མིན་མཆོད་བྱས་པ། །འཇིག་རྟེན་གསུམ་གྱི་བླ་མ་ལ། །མི་

Colophon

mdzad pa bcu gnyis kyi tshul la bstod pa zhes bya ba slob dpon chen po 'phags pa klu sgrub kyis mdzad pa rdzogs so//