thams cad mkhyen pa dbang phyug chen po'i bstod pa zhes bya ba
Text
ff. 42b–43b · 3 folio sides
- 42b
དྲི་མེད་སྨན་དང་མྱུར་ལྡན་ཤོག །ཁྱད་པར་དུ་འཕགས་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་བསྟོད་པ། སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པའི་རྒྱ་ཆེར་བཤད་པ། བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། བྷ་ག་ལའི་ཡུལ་གྱི་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛཱ་རན་ད་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ཡིད་སྲུབ་ཟླ་བའི་གཙུག་དང་གོས་སེར་ཅན། །རིག་བྱེད་བྱེད་པོ་དགའ་བྱེད་གྲོག་མཁར་བ། །རྒྱས་པ་རྒྱལ་དཔོག་པ་དང་ས་ཡི་བུ། །ཐུབ་ པ་རྐང་མིག་ཕུར་བུ་ལྷ་མིན་རྗེས། །སྐྱོབ་པ་ཉིན་མོར་བྱེད་པའི་རྒྱུད་འཁྲུངས་པ། །སྲིད་གསུམ་བླ་མ་ཤཱཀྱའི་རྒྱལ་པོ་དེའི། །རྣམ་པར་ཐར་ལ་བསྐྲུན་མིན་དེར་བསྟོད་པ། །དེ་ཡི་འགྲེལ་པ་དེ་འདིར་རྫོགས་པར་བྱས། །དགེ་བ་དེ་ཡིས་སྲིད་པའི་ལྗོངས་རྒྱུ་བས། །བདག་ཏུ་འཛིན་པའི་ ཐིབས་པོར་འཁྱམས་གྱུར་པ། །མུ་སྟེགས་བྱེད་ཀྱི་མུན་པ་འཇོམས་བྱེད་པའི། །རྒྱལ་བ་ཉིན་མོར་བྱེད་པར་བདག་གྱུར་ཅིག །ཁྱད་པར་དུ་འཕགས་པར་བསྟོད་པའི་རྒྱ་ཆེར་བཤད་པ། སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས། བར་སྐབས་སུ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་ འགྲེལ་པའི་རྒྱ་དཔེ་མ་རྙེད་ནས། དུས་ཕྱིས་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས་དཔལ་ས་སྐྱའི་དགོན་པར་སྦྱར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་ཛྙེ་མ་ཧཱ་ཤྭ་ར་སྟོ་ཏྲཾ་ནཱ་མ། བོད་སྐད་དུ། ཐམས་ཅད་མཁྱེན་པ་དབང་ཕྱུག་ ཆེན་པོའི་བསྟོད་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ཞིག་ལྷ་ལས་ལྷག་པའི་ལྷ། །དེ་གང་ལྷ་ཡི་བླ་མ་སྟེ། །བླ་མའི་བླ་མར་གྱུར་པ་དེ། །དེ་ལ་བདག་ནི་སྐྱབས་སུ་མཆི། །ཆེན་པོ་ཉིད་དང་དབང་ཉིད་དང་། །གང་ཞིག་དབང་ཕྱུག་ཆེ་ཉིད་གྱུར། །འཇིག་རྟེན་ གསུམ་ལས་གྲོལ་བ་ཡི། །དབང་ཕྱུག་ཆེ་དེར་བདག་ཕྱག་འཚལ། །ཡེ་ཤེས་མེ་ཡི་འོད་ཀྱིས་ནི། །འདོད་དང་རྨོངས་པའི་རང་བཞིན་གྱི། །གྲོང་ཁྱེར་སུམ་བརྩེགས་ཟད་བསྲེགས་པའི། །གྲོང་ཁྱེར་གསུམ་བསྲེགས་པ་དེར་འདུད། །བྱམས་པའི་ཐོད་པ་རྟག་འཆང་ཞིང་། །སྙིང་རྗེའི་
- 43a
ཐལ་བས་ཡང་དག་བྱུགས། །ཚུལ་ཁྲིམས་ཟླ་བས་དབུ་བརྒྱན་པའི། །དབང་ཕྱུག་ཆེ་དེར་བདག་ཕྱག་འཚལ། །བྱམས་དང་སྙིང་རྗེའི་རྭ་མཆོག་དང་། །དགའ་དང་བཏང་སྙོམས་མིག་ལྡན་པའི། །ཐེག་ཆེན་ཁྱུ་མཆོག་བཅིབས་པ་ཡིས། །གང་ཞིག་གཤེགས་ མཛད་དབང་ཕྱུག་ཆེ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ལ་སོགས་བཙུན་མོ་དང་། །མཆོག་བཅས་ཚོགས་ཀྱིས་གཤེགས་མཛད་པའི། །དབང་ཕྱུག་ཆེ་དེར་བདག་ཕྱག་འཚལ། །གཡོ་ཡི་རྭ་ཡིས་ཀུན་དུ་ཁྱབ། །ཀུན་ནས་ཉོན་མོངས་སྲིད་དབུས་ཞིག །ཕར་ འགྲོའི་སྲིད་བུ་མི་བཟད་པ། །ལྟ་བ་འབར་བ་རབ་བསྲེགས་ཅན། །དུར་ཁྲོད་གང་དགོས་ཐུགས་མངའ་བ། །རྣམ་པ་སྣ་ཚོགས་སྤྲུལ་པའི་གཟུགས། །རྟག་ཏུ་ཚོགས་བཅས་ཀྱིས་འཁྱུད་པའི། །དབང་ཕྱུག་ཆེ་དེར་བདག་ཕྱག་འཚལ། །འཇིག་རྟེན་གསུམ་གྱི་འདོད་པའི་རྒྱུས། །དོན་ གཉེར་འཇོམས་པ་གང་ཞིག་འཁོར། །བཀའ་སྒྲུབ་པ་ཡིས་མི་མཆི་བའི། །དབང་ཕྱུག་ཆེ་དེར་བདག་ཕྱག་འཚལ། །ཡན་ལག་བརྒྱད་ཀྱི་ཚུལ་ལྡན་ཞིང་། །རྫུ་འཕྲུལ་རྐང་པའི་སྒོང་སྐྱེས་ཀྱི། །ཡོངས་བསྐོར་མི་འཇིགས་ཆེན་པོའི་གླིང་། །སྒོ་ཉིད་གཡོ་བ་རབ་ཏུ་དག །སྙིང་རྗེའི་ཆུ་ནི་རྒྱུ་ བ་ཅན། །དམ་ཆོས་ཆུ་བོ་གང་འཛིན་པ། །དབང་ཕྱུག་ཆེ་དེར་བདག་ཕྱག་འཚལ། །མི་ཤེས་པ་ཡི་མ་ཧེ་ཡིས། །འཇིག་རྟེན་ཐམས་ཅད་འཇིགས་བྱེད་པའི། །བསྣུན་མཛད་ཡེ་ཤེས་རྩེ་གསུམ་གྱིས། །རྩེ་གསུམ་ཅན་གང་དབང་ཕྱུག་ཆེ། །མཆོག་དང་ཐ་མ་བར་དག་དང་། །ཞི་འམ་མ་ཞི་གོ་ འཕང་ལ། །མ་ཞི་ཐམས་ཅད་རྣམ་གྲོལ་བའི། །དབང་ཕྱུག་ཆེ་དེར་བདག་ཕྱག་འཚལ། །སྐྱེ་བའི་སྡུག་བསྔལ་མ་ལུས་པ། །ཐུགས་རྗེ་མཆོག་གི་ཁྱད་པར་གྱིས། །གང་ཞིག་གསལ་བར་འཕྲོག་པ་ཡི། །འཕྲོག་པ་དེ་ལ་བདག་འདུད་ཀྱིས། །དབང་ཕྱུག་དམ་པ་ཕུན་ཚོགས་ཤིང་། ། འདོད་པའི་ཆུ་ལ་སྲེད་སྤངས་པ། །དེ་ལ་ཕྱག་འཚལ་ལྷ་ཆེན་པོ། །སེམས་ཅན་ཐམས་ཅད་བདེ་མཛད་པ། །གང་ཞིག་ཀུན་གྱི་རྗེས་འབྲངས་པས། །སེམས་ཅན་ཐམས་ཅད་སྡུད་པ་ཡི། །བདུད་ཀྱི་བགེགས་ཀྱིས་མི་ཐུབ་པའི། །འདོད་པ་འཇོམས་དེ་ལ་ཕྱག་འཚལ། །དབང་ཕྱུག་
- 43b
དམ་པ་ཆེན་པོ་ཉིད། །རབ་ཉེས་སྦུབ་པ་སྐྱེས་བུ་གང་། །དེ་ལ་ཕྱག་འཚལ་ལྷ་ཆེན་པོ། །སེམས་ཅན་ཐམས་ཅད་ཕན་བཞེད་པ། །གནོད་པའི་ཀུན་དུ་དགྲར་གྱུར་གང་། །བྱམས་པ་ཡིས་ཀྱང་རྣམ་ཞེན་དང་། །དཀར་པོའི་ཆོས་ཀྱང་ཡོངས་རྫོགས་པའི། །དབང་ཕྱུག་ཚེ་དེར་བདག་ ཕྱག་འཚལ། །གཟའ་དང་རིམས་ནད་དབུལ་བ་དང་། །ལས་ཀྱིས་གཟིར་པའི་འགྲོ་བ་དང་། །གསུང་ཙམ་གྱིས་མྱུར་ཞི་མཛད་པའི། །ཞི་བ་དེ་ལ་བདག་འདུད་དོ། །འཇིག་རྟེན་ཀུན་གྱི་དབང་ཕྱུག་ལ། །བསྟོད་པས་བདག་གིས་དགེ་བསགས་པས། །དེས་ནི་འཇིག་རྟེན་མ་ལུས་འདི། ། ཡེ་ཤེས་དབང་ཕྱུག་ཆེ་གྱུར་ཅིག །ཐམས་ཅད་མཁྱེན་པ་དབང་ཕྱུག་ཆེན་པོ་ཞེས་བྱ་བའི་བསྟོད་པ་བྲམ་ཟེའི་དགེ་བསྙེན་མཐོ་བཙུན་གྲུབ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛཱ་རན་ད་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། དེ་ཝ་ཨ་ཏི་ཤ་ཡ་སྟོ་ཏྲཿ། བོད་སྐད་དུ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བདེ་གཤེགས་མངོན་སུམ་མ་གྱུར་ཁྱབ་འཇུག་མིན། །ཚངས་པ་མ་ཡིན་ལྷ་ཆེན་པོ་ཡང་མ་མཐོང་ སྟེ། །དེ་དག་གི་གཟུགས་མཐུ་དང་སྤྱོད་པ་བསམ་པ་རྣམས། །ཐོས་ནས་སུ་ལ་ཡོན་ཏན་ཡོད་དམ་མེད་པ་དཔྱད། །ཁྱབ་འཇུག་དཔུང་དྲག་མཚོན་ཆ་དབྱུག་ཏོ་ཐོགས་པར་བརྩོན། །ལྷ་ཆེན་མི་ཡི་ཐོད་པའི་ཕྲེང་བ་རྣམས་ཀྱི་བཞག །སངས་རྒྱས་ཆ་ལུགས་གཅིག་ཏུ་ཞི་བའི་ཕུལ་ཕྱིན་ན། ། ཉེ་བར་ཞི་དང་མ་ཞི་གང་ལ་མཆོད་པར་བྱ། །ཁྱབ་འཇུག་གིས་ནི་འཐབ་དཀའ་ལ་སོགས་རིགས་རྣམས་བརླག་པར་གྱུར། །ལྷ་ཆེན་པོས་ནི་གྲོང་ཁྱེར་སུམ་བརྩེགས་བཅོམ་པར་གྱུར་ཞེས་གྲག །སྐེམ་བྱེད་ཀྱིས་ཀྱང་མདུང་ཐུང་འཇེབས་བསྣུན་ཀྲུང་ཀྲུང་བསད་པར་གྱུར། །སངས་རྒྱས་ཉག་ གཅིག་འགྲོ་ལ་སྨན་པ་ཐམས་ཅད་མཛད་པ་ལགས། །ང་ཡིས་འདི་ལ་གནོད་བྱ་འདི་ཉིད་བསྲུང་བྱ་འདི། །གསད་བྱ་ཞེས་པ་ལྷ་ཡི་མཆོག་གི་གཞུང་ལུགས་ཡིན། །སངས་རྒྱས་ལ་ནི་དགྲ་དང་མཛའ་བཤེས་མི་མངའ་བར། །ངེས་པར་ལེགས་དང་མངོན་པར་མཐོ་བས་ཕན་འདོགས་མཛད། །
Colophon
thams cad mkhyen pa dbang phyug chen po zhes bya ba'i bstod pa bram ze'i dge bsnyen mtho btshun grub rjes mdzad pa rdzogs so// //rgya gar gyi mkhan po dzA ran da na dang/ zhu chen gyi lo tshA ba rin chen bzang pos bsgyur ba'o// //