dmyal ba nas 'don pa zhes bya ba
Naragauddharināma
Text
ff. 83b–84a · 2 folio sides
- 83b
ཕམ་མཉམ་པ་མེད་གྱུར་ཅིང་། །བདུད་སྟོབས་ཕམ་མཛད་བདག་ཕྱག་འཚལ། །ཤཱཀྱའི་རྒྱལ་པོའི་སྲས་སུ་འཁྲུངས། །གདུང་ནི་ཉི་མའི་རིགས་སུ་གྲགས། །དཔའ་བོ་རྨད་བྱུང་སངས་རྒྱས་ནི། །ཡོན་ཏན་ཚོགས་ནི་བསྡུས་པ་ལ། །ལྷ་མི་རླུང་ལྷས་མཆོད་ཕྱག་འཚལ། །གསེར་གྱི་ རི་བོའི་རྩེ་འདྲའི་སྐུ། །པདྨའི་འདབ་མའི་སྤྱན་མངའ་བ། །གསེར་གྱི་མདོག་དང་ལྡན་གྱུར་ཅིང་། །སུམ་ཅུ་རྩ་གཉིས་མཚན་དང་ལྡན། །ཤིས་ལྡན་མཚན་བཟང་ཕྱག་འཚལ་ལོ། །མེ་དང་གློག་དང་མེ་སྟག་དང་། །ཉི་ཟེར་སྟོང་ལྡན་དཀྱིལ་འཁོར་ཅན། །གང་གིས་སྟོབས་ནི་བརྒྱན་ གྱུར་པ། །མཉམ་མེད་སྟོབས་ལྡན་ཕྱག་འཚལ་ལོ། །དཔལ་ལྡན་མཆོག་ནི་འབར་བ་ཡི། །བསོད་དང་དུལ་བར་ཡང་དག་ལྡན། །ཐུབ་པའི་དབང་པོ་མཆོག་གྱུར་པ། །ཡང་དག་བྱང་ཆུབ་བརྙེས་པ་ལ། །ཆེས་དྲེགས་ཕྱག་བྱས་ཕྱག་འཚལ་ལོ། །གང་ཞིག་སེམས་ཅན་ཕན་ མཛད་ཅིང་། །བདེ་བའི་དོན་ཕྱིར་སྙིང་རྗེས་འཇུག །ཡང་དག་དོན་ལ་ཞུགས་གྱུར་པས། །མྱ་ངན་འདས་གྲོང་གཤེགས་ཕྱག་འཚལ། །འདིས་ནི་ལྟོ་འཕྱེ་མི་འམ་ཅི། །ལྷ་དང་ལྷ་མིན་ཕྱག་བྱས་པ། །བདག་གིས་རྒྱལ་བ་བསྟོད་པ་ལས། །བསོད་ནམས་བདག་གིས་གང་བསགས་པ། ། དེས་ནི་སེམས་ཅན་ཐམས་ཅད་ཀྱང་། །བྱང་ཆུབ་ཁོང་དུ་ཆུད་པར་ཤོག །ཕྱག་འཚལ་བའི་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ན་རག་ཨུདྡྷ་རི་ནཱ་མ། བོད་སྐད་དུ། དམྱལ་བ་ནས་འདོན་པ་ཞེས་བྱ་བ། འཇིག་རྟེན་མགོན་ པོ་ལ་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོ་ཆེན་པོར་ནི། །དབུལ་བའི་འདམ་དུ་བྱིང་བ་ལ། །ཡོངས་སུ་མཁྱེན་པ་བསྐྱེད་ནས་ནི། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །བདག་ནི་རབ་རིབ་ཁང་པར་ཞུགས། །མགོན་མེད་སྡུག་བསྔལ་ཉམས་སུ་མྱོང་། །བདག་ནི་གཉེན་གྱི་ཚོགས་ཀྱིས་སྤངས། ། དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །ཕ་དང་མ་དང་སྲིང་མོ་དང་། །བུ་དང་ཆུང་མ་མཛའ་བཤེས་མོ། །མིག་འཕྲུལ་ལྟ་བུར་བདག་གིས་འཁུམས། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །བདག་འདིར་འཁོར་འདབ་རྣམས་ཀྱི་ཕྱིར། །ལས་གང་ལེགས་དང་ཉེས་བྱས་པ། །དེ་ཡིས་
- 84a
བདག་ནི་གཅིག་པུར་གྱུར། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །ཁྲོན་རྙིང་མི་བཟད་ཆེན་པོ་དང་། །གཏིང་མེད་རྒྱ་མཚོ་དག་རྣམས་སུ། །མགོན་པོ་བདག་ཅག་ལོང་གྱུར་ན། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །རྒྱ་མཚོ་ཆེན་པོ་རྒལ་བ་ཡི། །གྲུ་ནི་གོག་པོར་ ཞུགས་པ་ལྟར། །བདག་གིས་ཀྱང་ནི་རྒལ་དཀར་འཁུམས། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །ཆོས་དང་ཆོས་མིན་མ་འཚལ་ཞིང་། །བགྲོད་དཀའ་བགྲོད་མིན་མི་རིག་པས། །འདི་ནི་སེམས་མེད་ཤིང་དང་འདྲ། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །ཕ་བསད་ པ་དང་མ་བསད་པ། །ཁོ་བོས་མཚམས་མེད་ལྔ་བགྱིས་པ། །མི་བཟད་རབ་རིབ་མུན་པར་འཁུམས། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །བདག་གིས་མཆོད་རྟེན་འཇིག་པར་བགྱིས། །དགེ་འདུན་དཀོར་ནི་རྣམ་པར་འཇོམས། །བདག་གིས་སེམས་ཅན་འཚེ་བར་བགྱིས། །དེ་ བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །འཇིག་རྟེན་འདི་ན་བདེ་མ་མཆིས། །འཇིག་རྟེན་ཕ་རོལ་འཚལ་མ་གྱུར། །ལས་ཀྱི་སྲད་བུས་དཀྲིས་པས་ན། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །དེ་ཡི་གསོན་པ་འདི་འདྲ་བ། །མཁའ་ལ་ཀ་ཤིའི་མེ་ཏོག་ནི། །རླུང་གིས་བཏབ་ནས་འཕྱན་པ་ བཞིན། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །འབྲོག་དགོན་དང་ནི་ཚེར་མ་ཡི། །ལྗོན་ཤིང་མང་པོ་རྟེན་མེད་པ། །དེ་ན་བདག་གིས་ལམ་མ་མཐོང་། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །ཉེས་པ་མེད་པར་ཕྱུགས་རྣམས་དང་། །རི་དགས་མང་པོ་མདས་བསད་པས། །དེ་ཚེ་བདག་ནི་རྒྱལ་ པོར་རློམ། །དེ་བཞིན་གཤེགས་ཀྱེ་བདག་ལ་སྐྱོབས། །སེམས་ཅན་དམྱལ་བར་འཚེད་པ་ན། །སྐྱོབ་པ་འགའ་ཡང་ཡོད་མ་མཆིས། །གང་ལ་སྐྱབས་སུ་མཆི་བར་བགྱི། །བདག་ལ་སྐྱོབ་པར་སུ་ཞིག་འགྱུར། །སྨན་པ་རྣམས་ཀྱི་སྨན་པའི་རྒྱལ། །ནད་རྣམས་ཐམས་ཅད་གསོ་མཛད་པ། །ཁམས་ གསུམ་རྒྱུ་དང་མི་རྒྱུ་བ། །སྐྱོབ་བྱེད་འཇིག་རྟེན་མགོན་པོ་ལགས། །དམྱལ་བ་ནས་འདོན་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བརྞཱརྷ་བརྞ་བྷ་ག་བ་ཏོ་བུདྡྷཱ་སྟོ་ཏྲ་ཨ་ཤཱཀྱ་སྟ་བ་ནཱ་མ། བོད་སྐད་དུ། སངས་རྒྱས་བཅོམ་
Colophon
dmyal ba nas 'don pa zhes bya ba slob dpon chen po klu sgrub kyis mdzad pa rdzogs so//